ད་ལོར་བོད་ལྗོངས་ཀྱིས་འཚོ་བའི་ཕྱོགས་ཀྱི་རྒུད་སྐྱོབ་མ་དངུལ་སྒོར་དུང་ཕྱུར1.97བཀོད་སྒྲིག་བྱས་པ།
བོད་ལྗོངས་གསར་འགྱུར་དྲ་བ། 2014-05-14
ད་ལོའི་ཟླ5བའི་ཚེས12ཉིན་ནི་རང་རྒྱལ་གྱི་གནད་འཚེ་སྔོན་འགོག་ཉིན་མོ་ཡིན་ཞིང་།བོད་ལྗོངས་གནོད་འཚེ་སྔོན་འགོག་ཨུ་ཡོན་ལྷན་ཁང་གིས་ལྷ་ས་གྲོང་ཁྱེར་གྱི་གཡུ་ཐོག་ལམ་ནས“5·12གནོད་འཚེ་སྔོན་འགོག་ཉིན་མོའི”དྲིལ་བསྒྲགས་བྱ་འགུལ་སྤེལ་ཏེ།གནོད་འཚེ་སྔོན་འགོག་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་སྡེ་ཁག64ཡི་ལས་བྱེད་མི་སྣ500ལྷག་གིས་ཡུལ་དངོས་ནས་མང་ཚོགས་ལ་གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཇེ་ཉུང་དུ་གཏོང་བ་སྐོར་གྱི་ཤེས་བྱ་དྲིལ་བསྒྲགས་བྱས།
རང་སྐྱོང་ལྗོངས་དམངས་སྲིད་ཐིན་རྒུད་སྐྱོབ་ཁྲུའུ་ཡི་ཁྲུའུ་ཀྲང་ཞུས་ཆའོ་ཧྥེ་ཡིས་གསར་འགོད་པར་བཤད་རྒྱུར།ད་ལོའི་རྒྱལ་ཁབ་ཀྱི་གནོད་འཚེ་སྔོན་འགོག་ཉིན་མོའི་བརྗོད་བྱ་གཙོ་བོ་ནི“གྲོང་རྡལ་ཅན་དང་གནོད་འཚེ་ཇེ་ཉུང་དུ་གཏོང་བ”ཞེས་པ་དེ་ཡིན་ཞིང་།ཐེངས་འདིའི་དྲིལ་སྒྲོག་བྱ་འགུལ་ལ་རྒྱབ་སྐྱོར་བྱ་ཆེད།ཟླ5བའི་ཚེས11ཉིན་ནས་ཚེས17ཉིན་བར་ལ་གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཇེ་ཉུང་དུ་གཏོང་བའི་དྲིལ་བསྒྲགས་གཟའ་འཁོར་དུ་གཏན་ཁེལ་བྱས།དྲིལ་བསྒྲགས་ཐབས་ལམ་ལ་དངོས་སྦྱོང་དང་།འཆད་ཁྲིད།ཚན་རིག་ཤེས་བྱ་དྲིལ་བསྒྲགས་བྱེད་པ་སོགས་འདུས།“ཐེངས་འདིའི་དྲིལ་བསྒྲགས་ཉིན་མོའི་བྱ་འགུལ་ལ་དམིགས་ཏེ།སྡེ་ཁག་སོ་སོས་དྲིལ་བསྒྲགས་ཡིག་ཆ་ཁྲི24དང་།འགྲེམ་སྟོན་ནག་པང200གྲ་སྒྲིག་བྱས་ནས།གྲོང་ཁྱེར་དང་།ཞིང་སྡེ།སློབ་འབྲིང་དང་སློབ་ཆུང་སློབ་མ།འདུས་སྡོད་ཁུལ།ཁྱིམ་ཚང་སོགས་ལ་དམིགས་ཏེ་ཡུལ་དངོས་དང་བྱ་ཡུལ་སོ་སོ་ལ་ཁ་གཏད་འཇལ་བའི་ཐབས་ལམ་སོ་སོ་ཡོད།”ཞུས་ཆའོ་ཧྥེ་ཡིས་བཤད་རྒྱུར།ད་ལོར་རང་སྐྱོང་ལྗོངས་དམངས་སྲིད་དང་ནོར་སྲིད་ལས་ཁུངས་ཀྱིས་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར1.97བཏང་སྟེ།སྦྲ་གུར་དང་།ཉལ་ཆས།གྱོན་གོས་སོགས་འཚོ་བའི་ཕྱོགས་ཀྱི་རྒུད་སྐྱོབ་དངོས་རྫས་ཉོ་བར་བེད་སྤྱོད་བྱ་རྒྱུ་དང་།གལ་ཏེ་གནོད་སྐྱོན་བྱུང་ཚེ་གནོད་འཚེ་མྱུར་སྐྱོབ་དགོས་མཁོ་དང་བསྟུན་དགོས་པར་ཁག་ཐེག་བྱ་དགོས་ཟེར།
རྒྱུས་ལོན་པ་ལྟར་ན།ད་ལྟ་བོད་ལྗོངས་ཀྱི་གནམ་གཤིས་དང་།ས་འགུལ།ཆུ་དཔྱད།ཁོར་ཡུགཞིང་ལས།ནགས་ལས་སོགས་རང་བྱུང་གནོད་འཚེ་རིགས་སོ་སོའི་ལྟ་ཞིབ་ཚད་ལེན་ས་ཚིགས་གི་དྲ་རྒྱ་དང་སྔོན་བརྡ་གཏོང་བའི་མ་ལག་སྔར་ལས་ལྷག་པའི་སྒོ་ནས་འཐུས་ཚང་དུ་གྱུར་ཡོད་པ་རེད། །