ཞི་ཅིན་ཕེན་གྱིས་ཧང་ག་རིའི་ཙུང་ལི་ཨོ་ཨར་པན་ལ་མཇལ་འཕྲད་གནང་བ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2014-02-16

ཞི་ཅིན་ཕེན་གྱིས་ཧང་ག་རིའི་ཙུང་ལི་ཨོ་ཨར་པན་ལ་མཇལ་འཕྲད་གནང་བ།
ཚེས་བཅུ་གསུམ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧང་ག་རིའི་ཙུང་ལི་ཨོ་ཨར་པན་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས13ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧང་ག་རིའི་ཙུང་ལི་ཨོ་ཨར་པན་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་བསྟན་དོན། ཀྲུང་གོ་དང་ཧང་ག་རི་བར་གྱི་སྲོལ་རྒྱུན་མཛའ་མཐུན་གཏིང་ཟབ་ལ། ཀྲུང་གོ་མི་དམངས་ཀྱིས་ཧང་ག་རིའི་ཕྱོགས་ཀྱིས་ཀྲུང་གོ་གསར་བའི་འཕེལ་རྒྱས་དང་འཛུགས་སྐྲུན་གྱི་ཕྱོགས་ལ་སྔོན་ཆད་ནས་བཟུང་རིན་ཐང་བྲལ་བའི་རྒྱབ་སྐྱོར་བྱས་པ་ནམ་ཡང་བརྗེད་མི་སྲིད། རྒྱལ་ཁབ་གཉིས་བར་ལ་ཕྱི་ཕྱོགས་འབྲེལ་བ་བཙུགས་ནས་ལོ་ངོ་རེ་ལྔ་འགོར་བའི་རིང་ལ་ཕྱོགས་གཉིས་ཀྱི་འབྲེལ་བའི་རྨང་གཞི་ཐོག་མཐའ་བར་གསུམ་དུ་སྲ་ཞིང་བརྟན་པ་དང་མཉམ་ལས་ཀྱི་རྣམ་པ་སྔར་བཞིན་རྒྱུན་འཁྱོངས་ལེགས་པོ་བྱས་ཡོད་ལ། ལྷག་པར་དུ་ཕན་ཚུན་བར་ལ་མཛའ་མཐུན་མཉམ་ལས་ཀྱི་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་ངོ་བཅུ་འགོར་བའི་རིང་ལ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཁྱོན་ཡོངས་དང་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་སོང་། ཀྲུང་གོ་ཕྱོགས་ཀྱིས་ཧང་ག་རིའི་ཕྱོགས་དང་མཉམ་དུ་མུ་མཐུད་ནས་ཕན་ཚུན་ལ་རྒྱུས་ལོན་དང་རྒྱབ་སྐྱོར་བྱས་ཏེ། ཁྱོན་ཡོངས་ནས་ཕན་ཚུན་བར་གྱི་མཉམ་ལས་ཇེ་དྲག་ཏུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཆུ་ཚད་གསར་བ་ཞིག་གི་སྟེང་ནས་སྔར་ལས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་པ་དང་། ཕྱོགས་གཉིས་ཀྱིས་དངུལ་ལོར་དང་གློག་འཕྲིན། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། མཐོ་གསར་ལག་རྩལ་སོགས་ཁྱབ་ཁོངས་གཙོ་བོའི་མཉམ་ལས་ལ་ཡར་སྐུལ་གཏང་འདོད་ཡོད་ཟེར།

ཞི་ཅིན་ཕེན་གྱིས་བསྟན་དོན། སྐྱེ་དངོས་ཁྲི་སྟོང་མང་པོ་གཅིག་ལ་གཅིག་བརྟེན་གྱིས་འཚོ་བ་དང་མིའི་རིགས་ཀྱི་སྤྱི་ཚོགས་སྣ་མང་རང་བཞིན་གྱི་སྒོ་ནས་ཕན་ཚུན་མཉམ་གནས་བྱས་ཡོད། འཛམ་གླིང་ཡོངས་ཀྱིས་སྣེ་མང་རང་བཞིན་གྱི་འཕེལ་རྒྱས་སྲུང་འཛིན་བྱེད་དགོས་ལ། རྒྱལ་ཁབ་ཅིག་བགྲོད་ལམ་ག་འདྲ་ཞིག་ཏུ་བསྐྱོད་རྒྱུ་དེ་རྒྱལ་ཁབ་དེའི་མི་དམངས་ཁོ་ནར་གདམ་གསེས་བྱེད་པའི་དབང་ཆ་ཡོད། ལག་ལེན་ནི་བདེན་ལུགས་ལ་ཞིབ་བཤེར་བྱེད་པའི་ཚད་གཞི་ཉག་གཅིག་ཡིན་ལ། ཡུན་རིང་བོའི་དཀའ་སྤྱད་ཀྱི་འཚོལ་ཞིབ་བརྒྱུད་ནས་ཀྲུང་གོ་མི་དམངས་ཀྱིས་གཞི་ནས་རང་ཉིད་ཀྱི་གཞི་རྩའི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་ཞིག་རྙེད་དེ་མི་རིགས་བསྐྱར་དར་གྱི་རླབས་ཆེན་བགྲོད་ལམ་སྟེང་བསྐྱོད། ང་ཚོས་ཁྱོན་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་རྒྱུ་དེ་སྒུལ་ཤུགས་སུ་བརྩིས་ནས་ལོ་བརྒྱ་གཉིས་ཀྱི་དམིགས་འབེན་ཕྱོགས་སུ་མཆོངས་བསྐྱོད་བྱེད་བཞིན་ཡོད་པར་མ་ཟད། མ་འོངས་བར་ཆོད་སེམས་དང་ཡིད་ཆེས་ཀྱིས་ཁེངས་ཡོད་ཟེར།

ཨོ་ཨར་པན་གྱིས་བསྟན་དོན། ཧང་ག་རིའི་ཕྱོགས་ཀྱིས་ཀྲུང་གོས་བླངས་པའི་རླབས་ཆེན་གྲུབ་འབྲས་ལ་བསྟོད་བསྔགས་བྱེད་བཞིན་ཡོད་པ་དང་། ཀྲུང་གོའི་ཞི་བདེ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ནས་རྒྱལ་སྤྱིའི་སྟེང་དུ་གལ་ཆེ་བའི་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱེད་པར་མཐོང་ཆེན་བྱེད་བཞིན་ཡོད། ཧང་ག་རིའི་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་མཐོ་རིམ་མགོ་ཁྲིད་པའི་འགྲོ་འོང་ལ་ཤུགས་སྣོན་པ་དང་མུ་མཐུད་དུ་ཕན་ཚུན་ལ་རྒྱབ་སྐྱོར་བྱས་ནས་དངོས་གཉེར་མཉམ་ལས་ཇེ་དྲག་ཏུ་བཏང་སྟེ། ཕྱོགས་གཉིས་བར་གྱི་སྲོལ་རྒྱུན་མཛའ་བརྩེ་གཏིང་ཟབ་ཏུ་གཏོང་བར་རེ་བ་བྱེད་བཞིན་ཡོད་ཟེར།  ། 

  • ལེ་ཚན་སྔོན་མ།:ལྷོ་ཁ་ས་ཁུལ་གྱིས་རིག་གནས་བྱ་གཞག་གོང་འཕེལ་ཡོང་རྒྱུར་འགན་སྲུང་བྱས།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕེན་གྱིས་སློབ་གྲྭ་ཆེན་མོ་བའི་སྡེ་དཔོན་ཀྲང་ཀོང་ཞིག་ལ་ཡིག་ལན་བསྐུར་བ་དང་རྒྱལ་ཡོངས་ཀྱི་སློབ་གྲྭ་
  • དོ་སྣང་ཆེ་བའི་རྩོམ།