ཀྲུང་གོའི་ཕུགས་འདུན་གྱི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་ཧྲང་ཧེ་ནས་གྲོལ།
མཚོ་སྔོན་བོད་སྐད་རླུང་འཕྲིན། 2013-12-10
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཀྲུང་གོའི་ཕུགས་འདུན་འཛམ་གླིང་ཡོངས་ལ་ངོ་སྤྲོད་བྱེད་པ་ཅེས་བ་བརྗོད་དོན་གཙོ་བོ་ཡིན་པའི་ཀྲུང་གོའི་ཕུགས་འདུན་གྱི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་ཚེས8ཉིན་ཧྲང་ཧེ་ནས་གྲོལ།
ཚོགས་ཡུན་ཉིན་གཉིས་ཡིན་པའི་ཀྲུང་གོའི་ཕུགས་འདུན་གྱི་བགྲོ་གླེང་ཚོགས་འདུ་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་གཙོ་བསྒྲུབས་བྱས་པ་དང་ཀྲུང་གོ་ཕྱི་རྒྱལ་རིག་གནས་ཅུའུ་དང་ཧྲང་ཧེ་སྤྱི་ཚོགས་ཚན་རིག་གླིང་གཉིས་ཀྱིས་སྒྲུབ་མཁན་འཁུར་བ་རེད། ཀྲུང་གོ་དང་ཨ་མེ་རི་ཁ། དབྱིན་ཇི། ཧྥ་རན་སི། འཇར་མན། ཨུ་རུ་སི། རྒྱ་གར། འཇར་པན་སོགས་རྒྱལ་ཁབ་ཉི་ཤུ་ལྷག་ནས་ཡོང་བའི་ཆེད་མཁས་པ་དང་ཤེས་ཡོན་ཅན་བརྒྱ་ཙམ་གྱིས་ཀྲུང་གོའི་ཕུགས་འདུན་དང་ཀྲུང་གོའི་བགྲོད་ལམ། ཀྲུང་གོའི་ཕུགས་འདུན་དང་འཛམ་གླིང་དར་རྒྱས། ཀྲུང་གོའི་ཕུགས་འདུན་དང་ཞི་བའི་འཕེལ་རྒྱས་བཅས་ཐུན་མོང་གིས་སེམས་ཁུར་བྱེད་པའི་གླེང་གཞི་ལ་དམིགས་ནས་གྲོས་ཚོགས་ཐེངས་མང་བསྡུས།
གྲོས་ཚོགས་ཀྱི་སྐབས་སུ་ཀྲུང་གོའི་ཆེད་མཁས་པས་ཀྲུང་གོའི་ཕུགས་འདུན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་འཕེལ་རིམ་གཉིས་དམ་འབྲེལ་བྱེད་པ་དང་། ཀྲུང་གོའི་ཕུགས་འདུན་ནི་ཀྲུང་ཧྭའི་བུ་དང་བུ་མོའི་ཐུན་མོང་གི་རེ་སྒུག་ཡིན་ལ། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ན་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དུ་སྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་ངེས་པར་དུ་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་དགོས་པ་སོགས་ཀྱི་ལྟ་ཚུལ་བཏོན་པར་རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་པའི་གདེང་འཇོག་ཐོབ།
ཀྲུང་གོའི་ཕྱི་རྒྱལ་རིག་གནས་པར་བསྐྲུན་འགྲེམ་སྤེལ་ལས་དོན་ཅུའུ་ཡི་ཅུའུ་ཀྲང་ཀྲིག་མེན་བེ་དང་ཧྲང་ཧེ་སྤྱི་ཚོགས་ཚན་རིག་གླིང་གི་མགོ་གཙོ་ཝང་ཀྲན་གྱིས་གྲོས་ཚོགས་གྲོལ་བའི་མཛད་སྒོའི་སྟེང་སྤྱི་སྡོམ་གཏམ་བཤད་སྤེལ་སྐབས། ཕྱིན་ཆད་ཀྲུང་གོའི་ཕུགས་འདུན་ལ་དམིགས་པའི་རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་པའི་གྲོས་མོལ་རྒྱུན་མཐུད་སྒོས་སྤེལ་རྒྱུའི་རེ་བ་བཏོན། །