ཞི་ཅིན་ཕིང་གིས«བདེན་འཚོལ»དུས་དེབ་སྟེང་རྩོམ་ཡིག་སྤེལ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2015-01-04

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2015ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་པར་དུ་བསྐྲུན་པའི«བདེན་འཚོལ»དུས་དེབ་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁ་ཡིག་ལ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་མྱུར་དུ་འཛུགས་སྐྲུན་བྱེད་དགོས་ཞེས་པའི་རྩོམ་ཡིག་སྤེལ། རྩོམ་ཡིག་དེ་ནི་ཞི་ཅིན་ཕིང་གིས2014ལོའི་ཟླ་བཅུ་བའི་ཚེས་ཉེར་གསུམ་ཉིན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་ཁག་གཉིས་པ་དང་ཁག་གསུམ་པ་ལས་བདམས་པ་རེད། རྩོམ་ཡིག་དེའི་ཁག་དང་པོ་ལས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་སྟེང་གཏན་ལ་ཕབ་ཅིང་རྩོམ་ཡིག་ཧྲིལ་བོར་སྦྲེལ་བའི་ལམ་ཕྱོགས་རྒྱས་བཤད་གསལ་བོ་བྱས་ཡོད་པ་དེ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བགྲོད་ལམ་རྒྱུན་འཁྱོངས་དང་རྒྱ་བསྐྱེད་དུ་གཏོང་རྒྱུ་དེ་རེད།
རྩོམ་ཡིག་ནང་བཀོད་དོན། རྩ་བའི་གནད་དོན་དེའི་སྟེང་ང་ཚོས་ཡིད་ཆེས་བཅངས་པ་དང་སྟོབས་ཤུགས་ཇེ་ཆེར་བཏང་སྟེ། ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས་ལ། ངེས་པར་དུ་མི་དམངས་གཙོ་ཡིན་པའི་གོ་གནས་རྒྱུན་འཁྱོངས་དང་། ངེས་པར་དུ་བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ་རྒྱུན་འཁྱོངས། ངེས་པར་དུ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་སྤྱོད་བཟང་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་བ་གཉིས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས། ངེས་པར་དུ་ཀྲུང་གོའི་དོན་དངོས་གཞིར་འཛིན་པ་རྒྱུན་འཁྱོངས་བཅས་བྱེད་དགོས། རྩོམ་ཡིག་གི་ཁག་གཉིས་པ་ལས་ཏང་ཡོངས་ལ་ཚང་འཛོམས་གྲོས་ཚོགས་ཀྱི་ལས་འགན་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་བྱེད་པའི་སྤྱིའི་རེ་བ་བཏོན་པར་མ་ཟད་བྱ་བ་བཀོད་སྒྲིག་བྱས།
རྩོམ་ཡིག་ནང་མཇུག་མཐར་བཀོད་དོན། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ནི་རྒྱུད་རིམ་ལྡན་པའི་བཟོ་སྐྲུན་ཞིག་ཡིན་ལ། རྒྱལ་ཁབ་བཅོས་སྐྱོང་ཁྱབ་ཁོངས་ཀྱི་ཁྱབ་རྒྱ་ཆེ་ཞིང་གཏིང་ཟབ་པའི་གསར་བརྗེ་ཞིག་ཀྱང་ཡིན་པས། ངེས་པར་དུ་ཏང་གི་ཁྲིམས་སྐྱོང་བྱ་བའི་རྩ་འཛུགས་དང་མགོ་ཁྲིད་ལ་ཤུགས་སྣོན་དགོས་ལ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བྱ་བ་གཙོ་བོ་གཞི་རིམ་དུ་བཞག་སྟེ། ཚང་འཛོམས་གྲོས་ཚོགས་སྟེང་གཏན་ལ་ཕབ་པའི་བྱ་བ་དང་བྱེད་ཐབས་སྣ་ཚོགས་གཞི་རིམ་ནས་ལག་ལེན་མཐར་ཕྱིན་བྱེད་པར་འབད་བརྩོན་བྱེད་དགོས་ཟེར།  །
 
  • ལེ་ཚན་སྔོན་མ།:རྩོམ་པ་པོ་བཞི་བཅུ་ལྷ་ས་རུ་འཛོམས་ནས་བོད་ལྗོངས་རྩོམ་རིག་སྐོར་བགྲོ་གླེང་བྱས།
  • ལེ་ཚན་རྗེས་མ།:ལི་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།
  • དོ་སྣང་ཆེ་བའི་རྩོམ།