ཁམས་པའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་བདུན་པ་ཆབ་མདོ་རུ་སྤེལ་རྒྱུ་རེད།
ལྷ་མོ་ཚེ་སྐྱིད། མཚོ་སྔོན་པོ་དྲ་བ། 2013-10-10
རྒྱུས་ལོན་བྱུང་བ་ལྟར་ན། བོད་ལྗོངས་དང་ཟི་ཁྲོན། མཚོ་སྔོན། ཡུན་ནན་བཅས་ས་ཁུལ་གྱི་ཁམས་པའི་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་སྐབས་བདུན་པ་ཟླ10བའི་ཚེས15ནས་ཚེས19བར་བོད་ལྗོངས་ཆབ་མདོ་རུ་སྤེལ་རྒྱུ་རེད།
སྐབས་འདིའི་སྒྱུ་རྩལ་དུས་ཆེན་དུ་གཙོ་ཆེར་རིག་རྩལ་འཁྲབ་སྟོན་དང་། འཕེལ་རྒྱས་གྲུབ་འབྲས་འགྲེམ་སྟོན། རིག་གནས་ཡུལ་སྐོར་གླེང་སྟེགས། ཡིག་གཟུགས་དང་། མཛེས་རྩལ། པར་ལེན་བཅས་ཀྱི་འགྲེམ་སྟོན། དེ་མིན་ཚོང་ཟོག་ཉོ་ཚོང་ངོ་འཕྲད་གྲོས་མོལ་དང་། དམངས་ཁྲོད་ལུས་རྩལ་འགྲན་བསྡུར། གྱོན་གོས་འཁྲབ་སྟོན། སྐོར་བྲོ་སོགས་རྣམ་གྲངས་ཆེ་བ6དང་ཆུང་བ13འདུས།
ཁམས་པའི་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་ནི་བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་དང་། ཟི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བཅས་ལྷན་གྱིས་གཙོ་སྒྲུབ་གནང་བ་དང༌། གཙོ་ཆེར་ས་ཁོངས་ཀྱི་དཔལ་འབྱོར་རིག་གནས་སྤེལ་རེས་མཉམ་འབྲེལ་བྱེད་ཅིང་། འདིས་ས་ཁུལ་བཞིའི་དཔལ་འབྱོར་ཐོད་བརྒལ་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་གཏན་འཇགས་ཀྱི་གྲུབ་འབྲས་གསར་བ་དང་རྣམ་པ་གསར་བ་ཕྱི་ཕྱོགས་ལ་དྲིལ་སྒྲོག་བྱེད་པར་དགེ་མཚན་རབ་ཏུ་བསྐྲུན།