སི་ཁྲོན་ཞིང་ཆེན་གྱིས་ཁྲིན་ཏུའུ་གྲོང་ཁྱེར་དུ་ཞིང་ཆེན་རིམ་པའི་བོད་སྨན་ཁང་ཞིག་འཛུགས་རྩིས་ཡོད།

        2015-01-07

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ 12པའི་ཚེས 29 ཉིན། གསར་འགོད་པས་སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱིས་འཚོགས་པའི༼སི་ཁྲོན་ཞིང་ཆེན་གྱི་མི་རིགས་གསོ་སྨན་ལས་རིགས་འཕེལ་རྒྱས་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར༽ཞེས་པའི་གྲོས་གཞི་གལ་ཆེན་གྱི་ལྟ་སྐུལ་སྤྱི་འདོམས་ཚོགས་འདུའི་ཐོག་ནས་རྒྱུས་ལོན་བྱུང་བ་ལྟར་ན། སི་ཁྲོན་ཞིང་ཆེན་གྱིས་ཧུར་ཐག་གིས་ལོ་ལྔའི་འཆར་གཞི་ཨང་བཅུ་གཉིས་པའི་དུས་མཇུག་ཏུ། ཁྲིན་ཏུའུ་གྲོང་ཁྱེར་དུ་ཞིང་ཆེན་རིམ་པའི་བོད་སྨན་ཁང་ཞིག་འཛུགས་རྩིས་ཡོད། སྨན་ཁང་དེ་འཛུགས་སྐྲུན་ལེགས་འགྲུབ་བྱུང་རྗེས། དེ་ནི་སི་ཁྲོན་ཞིང་ཆེན་ནང་ཁུལ་གྱི་བོད་ཀྱི་གསོ་སྨན་ཞིབ་འཇུག་གསར་སྤེལ་རྟེན་གཞི་དང་སྨན་བཅོས་ལྟེ་གནས་ཆེས་ཆེ་བ་ཡིན་པ་དང་། ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་སོ་སོའི་མང་ཚོགས་ལ་ཁེ་ཕན་བསྐྲུན་ཐུབ་པ་རེད།

ད་ལོའི་ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་ཏུ། ནོར་བུ་རྒྱལ་མཚན་སོགས་ཨུ་ཡོན་འགས་ཚོགས་ཆེན་དེ་ལ༼སི་ཁྲོན་ཞིན་ཆེན་གྱི་མི་རིགས་གསོ་སྨན་ལས་རིགས་འཕེལ་རྒྱས་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་ཚུལ༽ཞེས་པའི་གྲོས་གཞི་བཏོན་ཏེ། "སི་ཁྲིན་ཞིང་ཆེན་གྱི་མི་རིགས་གསོ་སྨན་དང་འཕྲོད་བསྟེན་སྡེ་ཁག་འཛུགས་སྐྲུན་ཇེ་མགྱོགས་གཏོང་དགོས་པའི་སྐོར"གྱི་བསམ་ཚུལ་བརྗོད། སི་ཁྲོན་ཞིང་ཆེན་དུ་ཞིང་ཆེན་རིམ་པའི་མི་རིགས་སྨན་ཁང་གཅིག་ཀྱང་མེད་པ་སོགས་ཀྱི་གནད་དོན་གྱིས། སི་ཁྲོན་གྱི་མི་རིགས་གསོ་སྨན་ལས་རིགས་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བར་བཀག་རྒྱ་ཚབས་ཆེན་བཟོས་ཡོད་པས། ཞིན་ཆེན་རིམ་པའི་མི་རིགས་སྨན་ཁང་གཙོ་བྱས་ཏེ་མི་རིགས་གསོ་སྨན་ལས་ཁུངས་གཙོ་བོ་འཛུགས་ཐུབ་པའི་རེ་བ་བསྟན་ཡོད་པ་རེད།

 གྲོས་གཞི་དེ་ནི་ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པས་གྲོས་གཞི་གལ་ཆེན་དུ་ངོས་འཛིན་བྱས་པ་མ་ཟད། ཞིང་ཆེན་ཏང་ཨུའམ་སྲིད་གཞུང་གིས་གཙིགས་མཐོང་ཆེན་པོ་བྱས་ཏེ། འབྲེལ་ཡོད་སྡེ་ཁག་གིས་ལྟ་སྐུལ་སྤྱི་འདོམས་ལག་བསྟར་བྱེད་དགོས་པའི་བཀའ་ཕབ་ཡོད། ཞིང་ཆེན་སྲིད་གཞུང་མི་རིགས་ཆོས་ལུགས་དོ་དམ་ཨུ་ལྷན་གྱིས་གྲོས་གཞི་དེའི་རྨང་གཞིའི་ཐོག་ཏུ། ༼སི་ཁྲོན་ཞིན་ཆེན་གྱི་བོད་སྨན་ཁང་འཛུགས་སྐྲུན་དང་བོད་ཀྱི་གསོ་སྨན་སྡེ་ཁག་ཆ་ཚང་ཇེ་མགྱོགས་གཏོང་བའི་སྐོར་གྱི་བསམ་འཆར༽ཞེས་པའི་བརྟག་བཤེར་སྙན་ཞུ་བྲིས་པ་དང་། རྒྱ་སྨན་དོ་དམ་ཅུས་ཀྱིས་མགྱོགས་མྱུར་དུ༼སི་ཁྲོན་ཞིན་ཆེན་གྱི་བོད་སྨན་ཁང་འཛུགས་སྐྲུན་དང་བོད་ཀྱི་གསོ་སྨན་སྡེ་ཁག་ཆ་ཚང་ཇེ་མགྱོགས་གཏོང་བའི་སྐོར་གྱི་བསམ་འཆར༽ཡར་སྤྲད་པ་རེད།

ཟླ 12པའི་ཚེས12ཉིན།ཞིང་ཆེན་སྲིད་གཞུང་གིས་སི་ཁྲོན་གྱི་མི་རིགས་གསོ་སྨན་ལས་རིགས་འཕེལ་རྒྱས་སྐུལ་འདེད་གཏོང་བ་བརྗོད་བྱ་གཙོ་བོ་བྱས་པའི་འབྲེལ་ཡོད་ཚོགས་འདུ་ཚོགས་པ་དང་།སི་ཁྲོན་ཞིང་ཆེན་བོད་སྨན་ཁང་འཛུགས་སྐྲུན་འཆར་འགོད་བྱ་རྒྱུ་ནི་གཙོར་བཟུང་ནས་གྲོས་བསྡུར་བྱས། ཚོགས་འདུ་ཡིས"སི་ཁྲོན་ཞིང་ཆེན་བོད་སྨན་ཁང་འཛུགས་རྒྱུ་ནི་ཞིང་ཆེན་ཏང་ཨུའམ་སྲིད་གཞུང་གིས་བོད་ཀྱི་གསོ་སྨན་ལས་རིགས་འཕེལ་རྒྱས་ཐད་རྒྱབ་སྐྱོར་དང་མི་རིགས་མཐུན་སྒྲིལ་ཇེ་ཟབ་གཏོང་བའི་ཐབས་ཇུས་ལག་ལེན་དོན་འཁྱོར་བྱེད་པ་ཡིན་པས། ངེས་པར་དུ་འཆར་འགོད་བཀོད་སྒྲིག་ལས་དོན་ཆ་ཚང་ཡག་པོ་སྒྲུབ་དགོས་པའི"གྲོས་ཆོད་བྱུང་བ་རེད།

ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་བོད་རིག་པ་ཞིབ་འཇུག་གླིང་གི་གླིང་གཙོ་བན་གོའི་གཏམ་བཤད་ལ་ཚོགས་ཞུགས་མི་སྣ་ཚང་མ་འཐད་པ་བྱུང་ཡོད། གསར་འགོད་པས་གྲོས་གཞི་གལ་ཆེན་དེའི་ལྟ་སྐུལ་སྤྱི་འདོམས་ཚོགས་འདུའི་ཐོག་ནས་རྒྱུས་ལོན་བྱུང་བ་ལྟར་ན། དབྱེ་ཞིབ་དང་དཔྱད་སྒྲིབ་བྱས་པ་བརྒྱུད། ཞིང་ཆེན་བོད་སྨན་ཁང་གི་ས་གནས་ཁྲིན་ཏུའུ་ན་བདམས་ཡོད་པ་དང་། ལོ་ལྔའི་འཆར་གཞི་ཨང་བཅུ་གཉིས་པའི་དུས་མཇུག་ཏུ་གཞི་རྒྱ་ངེས་ཅན་ལྡན་ཞིང་། བོད་ཀྱི་གསོ་སྨན་ཞིབ་འཇུག་གསར་སྤེལ་དང་སྨན་བཅོས་བཅས་མཉམ་དུ་འདུས་པའི་ཞིང་ཆེན་རིམ་པའི་བོད་སྨན་ཁང་ཞིག་འཛུགས་ཐུབ་པར་འུར་ཐག་བྱ་རྒྱུ་རེད།

སྲིད་གྲོས་ཨུ་ཡོན་དང་ཆེད་མཁས་པ། ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་བཅས་ཀྱིས། ཞིང་ཆེན་རིམ་པའི་བོད་སྨན་ཁང་འཛུགས་སྐྲུན་ཇེ་མགྱོགས་གཏོང་ཆེད། ཚོང་རའི་བདག་པོ་ནང་འདྲེན་བྱས་ཏེ། ཚོང་ར་ཡིས་ཐོན་ཁུངས་བཀོད་སྒྲིག་ཐད་གཏན་ཁེལ་རང་བཞིན་གྱི་ནུས་པ་འདོན་དགོས་པའི་བསམ་ཚུལ་བཏོན་ཡོད། རྒྱུས་ལོན་བྱུང་བ་ལྟར་ན། སི་ཁྲོན་ཞིང་ཆེན་གྱིས་མཚོ་སྔོན་ཞིང་ཆེན་གྱི་བོད་ཀྱི་གསོ་སྨན་ཐོན་ལས་གསར་སྤེལ་མཁན་ཐོག་མ་ཨ་རིའི་སྤྱི་གཉེར་ཚོགས་པས་སི་ཁྲོན་དུ་མ་དངུལ་གཏོང་འཇོག་བྱས་ཏེ་བོད་སྨན་ཁང་འཛུགས་པའི་ཐད་ལ་གྲོས་མོལ་བྱེད་བཞིན་ཡོད་པ་རེད།

བཅོས་བསྒྱུར་སྒོ་འབྱེད་བྱས་པ་ནས་བཟུང་། སི་ཁྲོན་ཞིང་ཆེན་དུ་བོད་ཀྱི་གསོ་སྨན་འདུས་པའི་མི་རིགས་གསོ་སྨན་ལས་རིགས་ཡུན་རིང་འཕེལ་རྒྱས་བྱུང་ཡོད། མིག་སྔར། སི་ཁྲོན་ཞིང་ཆེན་གྱི་ཁུལ་གསུམ་ལ་གྲོང་ཁྱེར་དང་ཁུལ་གྱི་རིམ་པ་དང་པོའི་རྒྱ་སྨན་དང་མི་རིགས་སྨན་བཅོས་སྡེ་ཁག་གསུམ་ཡོད། རྫོང་རིམ་པའི་རྒྱ་སྨན་དང་བོད་སྨན་སྨན་ཁང་སུམ་ཅུ་བཅས་ཡོད། ཞིང་ཆེན་ཡོངས་སུ་བོད་སྨན་སློབ་གསོ་སྡེ་ཁག་ཕལ་ཆེར་གྲུབ་ཡོད་ལ། འབུམ་རམས་པ་དང་རམ་འབྱམས་པ། དངོས་གཞི། ཆེད་ལས་སློབ་གྲྭ་ཆེ་འབྲིང་སོགས་སློབ་གསོ་སྡེ་ཁག་རིམ་པ་ཆ་ཚང་འདུས་ཡོད་པ་དང་། མི་རིགས་སྨན་བཅོས་སྡེ་ཁག་རིམ་པ་སོ་སོ་ལ་བོད་ཀྱི་སྨན་པ་མང་པོ་གསོ་སྐྱོང་བྱས་ཡོད་པ་རེད།  ། 

  • ལེ་ཚན་སྔོན་མ།:ཚེ་རིང་ཐར་ལགས་ལ་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གི་ཕུལ་བྱུང་དཔྱད་འབྲས་བྱ་དགའ་ཐོབ།
  • ལེ་ཚན་རྗེས་མ།:༼ཁ་བཏགས་དཀར་པོ༽བོད་ཡིག་དུས་དེབ་པར་སྐྲུན་བྱེད་པར་ཆོག་མཆན་ཐོབ།
  • དོ་སྣང་ཆེ་བའི་རྩོམ།