ཞི་ཅིན་ཕེན་གྱིས་ཡོ་ནན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཀྲང་ཅིན་ཁྲོང་ལ་གྲོས་མོལ་མཛད་པ།

བཀྲ་ཤིས་འབུམ།    ཞིན་ཧྭ་གསར་འགྱུར་དྲ་བ།    2013-06-21

ཞི་ཅིན་ཕེན་གྱིས་ཡོ་ནན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཀྲང་ཅིན་ཁྲོང་ལ་གྲོས་མོལ་མཛད་པ།
 

ཟླ་དྲུག་པའི་ཚེས་བཅུ་དགུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཡོ་ནན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཀྲང་ཅིན་ཁྲོང་དང་གྲོས་མོལ་མཛད། གྲོས་མོལ་མ་མཛད་པའི་སྔོན་ལ། ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་གྱི་ཐང་ཆེན་དུ་ཀྲང་ཅིན་ཁྲོང་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཅུ་དགུ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཡོ་ནན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཀྲང་ཅིན་ཁྲོང་དང་གྲོས་མོལ་མཛད་པ་དང་། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་གནས་བབ་གསར་བའི་འོག་ཏུ་ཀྲུང་གོ་དང་ཡོ་ནན་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་ཐད་ནས་དགོངས་འཆར་བརྗེ་རེས་མཛད་པར་མ་ཟད་ཐུན་མོང་གི་ལྟ་ཚུལ་གང་མང་བྱུང་།གྲོས་མོལ་མཛད་སྐབས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། དེང་སྐབས་ཀྲུང་གོས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྟེང་གཏན་ལ་ཕབ་པའི་དམིགས་འབེན་དང་ལས་འགན་མངོན་འགྱུར་བྱེད་པར་འབད་འཐབ་བྱེད་བཞིན་ཡོད་པས་ཞི་བདེ་དང་བརྟན་འཇགས་ཀྱི་ཁོར་ཡུག་ཅིག་དགོས། ཀྲུང་གོས་ཡོ་ནན་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། བློ་བརྟན་འགྱུར་མེད་སྒོས་ཡོ་ནན་བར་མཛའ་མཐུན་ཡོང་བའི་གཞི་རྩའི་བྱེད་ཕྱོགས་ལག་བསྟར་བྱེད་ངེས་ཡིན། ཀྲུང་གོ་དང་ཡོ་ནན་བར་གྱི་འབྲེལ་བ་དེ་སྔར་སོང་རྗེས་མཐུད་དང་མ་འོངས་གསར་གཏོད་ཀྱི་གནད་འགག་དུས་སྐབས་སུ་གནས་ཡོད་པ་དང་། རྒྱལ་སྤྱིའི་ཆབ་སྲིད་དཔལ་འབྱོར་རྣམ་པ་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བར་དམིགས་ཏེ། ཀྲུང་གོ་དང་ཡོ་ནན་ཕྱོགས་གཉིས་ཀྱིས་མཉམ་དུ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཡང་དག་ཁ་ཕྱོགས་གསལ་བོར་ཤེས་པར་བྱེད་དགོས་ལ། ཕྱོགས་གཉིས་ཀྱི་རྩ་བའི་ཁེ་ཕན་དང་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མདུན་ལམ་དང་ལས་དབང་ལ་དམིགས་ཏེ། བློ་བརྟན་འགྱུར་མེད་སྒོས་ཀྲུང་གོ་དང་ཡོ་ནན་བར་གྱི་མཛའ་མཐུན་འབྲེལ་བ་སྲ་བརྟན་དུ་གཏོང་བ་དང་། འཐབ་ཇུས་ཐད་ཀྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་དགོས་པར་མ་ཟད། འགལ་བ་སྣ་ཚོགས་འོས་འཚམ་སྒོས་ཐག་བཅད་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་དགོས་ཟེར།
ཀྲང་ཅིན་ཁྲོང་གིས་བཤད་རྒྱུར། རྙོང་འཛིང་ཆེ་ཞིང་འགྱུར་ལྡོག་མང་བའི་རྒྱལ་སྤྱིའི་གནས་བབ་ལ་དམིགས་ཏེ། ཡོ་ནན་ཕྱོགས་ཀྱིས་ཀྲུང་གོ་བར་གྱི་མཛའ་མཐུན་འབྲེལ་བ་དང་ཕྱོགས་ཡོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། ཕན་ཚུན་བར་གྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ། འགལ་བ་སྣ་ཚོགས་འོས་འཚམ་སྒོས་ཐག་གཅོད་པ། སྲོལ་རྒྱུན་མཛའ་བཤེས་རྒྱུན་འཛིན་དང་དར་སྤེལ་བྱས་ནས། ཡོ་ནན་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བར་མ་ཟད། རྒྱལ་ཁབ་རང་རང་འཕེལ་རྒྱས་སུ་འགྲོ་བར་ཕྱི་ཕྱོགས་ཀྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་འདོད་ཡོད་ཟེར།

རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་གཅིག་གྱུར་སྒོས་བལྟས་ན། ཀྲུང་གོ་དང་ཡོ་ནན་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནད་འགག་དུས་སྐབས་སུ་གནས་ཡོད་པས། ཕྱོགས་གཉིས་ཀྱིས་ཕ་རོལ་བ་འཕེལ་རྒྱས་སུ་གཏོང་བ་དེ་རང་ཉིད་འཕེལ་རྒྱས་སུ་གཏོང་བའི་གོ་སྐབས་སུ་བཟུང་སྟེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་སྤེལ་དགོས་པར་འདོད། གཅིག་ནི་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་མགོ་ཁྲིད་པའི་འགྲོ་འོང་སྲུང་འཛིན་བྱས་ནས་འཐབ་ཇུས་རང་བཞིན་གྱི་འབྲེལ་འདྲིས་ལ་ཤུགས་སྣོན་དགོས། གཉིས་ནི་ཀྲུང་གོ་དང་ཡོ་ནན་བར་གྱི་མཉམ་ལས་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གི་ནང་རྐྱེན་ནུས་པ་མུ་མཐུད་དུ་འདོན་སྤེལ་བྱས་ཏེ། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་དགོས། གསུམ་ནི་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་མཐུན་སྦྱོར་ལ་ཤུགས་བསྣན་ནས། ཉིས་སྟོང་བཅུ་གཉིས་ལོ་ནས་ཉིས་སྟོང་བཅུ་དྲུག་ལོའི་བར་གྱི་ཀྲུང་གོ་དང་ཡོ་ནན་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་ལོ་ལྔའི་འཕེལ་རྒྱས་འཆར་འགོད་མྱུར་དུ་དངོས་འབེབས་བྱེད་དགོས། བཞི་ནི་མཛའ་མཐུན་འགྲོ་འོང་སྔར་ལས་ཇེ་མང་དུ་གཏོང་དགོས། ལྔ་ནི་སྣ་མང་མཉམ་ལས་ལ་ཤུགས་བསྣན་ནས་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས་ཟེར།

རྒྱ་མཚོ་ལྷོ་མའི་གནད་དོན་ཐད་ནས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཡོ་ནན་ཕྱོགས་གཉིས་ཀྱིས་ལོ་རྒྱུས་དང་མི་དམངས་ལ་འགན་འཁུར་བའི་བསམ་བློ་བཅངས་པ་དང་། ཀྲུང་གོ་དང་ཡོ་ནན་མཛའ་མཐུན་ཡོང་ཞིང་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་ཐད་ཀྱི་ཇུས་གཞི་ཆེན་པོ་གཙོར་བཟུང་སྟེ། བློ་ཐག་རྦད་ཆོད་སྒོས་རྒྱ་མཚོ་ལྷོ་མའི་གནད་དོན་དེ་ཆབ་སྲིད་ཀྱི་ལམ་ནས་ཐག་གཅོད་པར་མཛུབ་སྟོན་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་གནོད་སྐྱེལ་བ་གཏན་འགོག་བྱེད་དགོས་ཟེར།

ཀྲང་ཅིན་ཁྲོང་གིས་བཤད་རྒྱུར། ཡོ་ནན་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་བར་བྱུང་བའི་ཐུན་མོང་གི་ལྟ་ཚུལ་ནན་ཏན་སྒོས་དངོས་འབེབས་བྱེད་པ་དང་། མཛའ་མཐུན་གྲོས་མོལ་བརྒྱུད་ནས་རྒྱ་མཚོ་ལྷོ་མའི་གནད་དོན་སོགས་འབྲེལ་ཡོད་གནད་དོན་འོས་འཚམ་སྒོས་ཐག་གཅོད་འདོད་ཡོད་ཟེར།

གྲོས་མོལ་མཛད་རྗེས། རྒྱལ་ཁབ་གཉིས་ཀྱི་མགོ་གཙོ་མཉམ་དུ«ཀྲུང་གོ་དང་ཡོ་ནན་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་ཀྲུང་གོ་དང་ཡོ་ནན་བར་གྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བའི་འགུལ་སྐྱོད་འཆར་གཞི»སོགས་མཉམ་ལས་ཡིག་ཆ་གང་མང་ལ་མིང་འགོད་པའི་མཛད་སྒོར་ཞུགས།

  • ལེ་ཚན་སྔོན་མ།:ཞི་ཅིན་ཕེན་གྱིས་ཁུ་པ་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་པོ་དང་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའ
  • ལེ་ཚན་རྗེས་མ།:ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་པ།
  • དོ་སྣང་ཆེ་བའི་རྩོམ།