ཁྲི་ཀ་བཅའ་སྡོད་སློབ་གྲྭར་སྲོལ་རྒྱུན་ཤེས་བྱའི་འགྲན་བསྡུར་གྱི་བྱ་འགུལ་སྤེལ་བ།

སྟག་རིག་འབྲུག་ཐར།    མཚོ་སྔོན་པོ་དྲ་བ།    2013-05-20

ཁྲི་ཀ་བཅའ་སྡོད་སློབ་གྲྭར་སྲོལ་རྒྱུན་ཤེས་བྱའི་འགྲན་བསྡུར་གྱི་བྱ་འགུལ་སྤེལ་བ།
རེབ་འདིའི་ཤེས་བྱའི་འགྲན་སྡུར་ལ་གདན་ཞུ་བྱས་པའི་བོད་ཡིག་དགེ་རྒན་སྐོར་ཞིག

        2013ལོའི་ཟླ5པའི་ཚེས15ཉིན་གྱི་ཕྱི་དྲོར། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་ཕ་སྐད་ཞབས་ཞུ་མཐུན་ཚོགས་ཀྱི་སློབ་བུ་ཚོས་གཙོ་སྒྲུབ་བྱས་པའི་ཕ་སྐད་སྲོལ་རྒྱུན་ཤེས་བྱའི་འགྲན་ཚོགས་དེ་སློབ་གྲྭའི་སྐས་རིམ་ཚོམས་ཆེན་ནས་སྤེལ།
        ཐེངས་འདིའི་བྱ་འགུལ་ནི་སྔོན་མའི་བྱ་འགུལ་དག་དང་གཏན་ནས་མི་འདྲ་ས་ཞིག་ཡོད་པ་ནི་མཐུན་ཚོགས་འདིའི་སློབ་བུ་བཅུ་ཕྲག་ལྷག་གིས་མ་སྐུལ་དང་བླངས་སྒོས་རང་ས་ནས་རྩ་འཛུགས་བྱས་ཏེ་གྲོས་གཞི་བཏོན་ཞིང་། བྱ་འགུལ་གྱི་བརྒྱུད་རིམ་ཚགས་སྒྲིག་དང་ནང་དོན་ལེགས་སྒྲིག   བྱ་འགུལ་གྱི་མགོ་རྔའི་ཇུས་འགོད། མདོ་འཛིན་པ་དང་ཚོགས་རའི་སྒྲིག་ལམ་བཅས་འཐུས་ཚང་དུ་བཏང་རྗེས་སློབ་གྲྭའི་མགོ་ཁྲིད་ལ་སྙན་སེང་ཕུལ་བར་སློབ་གྲྭའི་མགོ་ཁྲིད་དག་ཀྱང་སྤྲོ་བས་ཁེངས་ནས་ཁོ་ཚོར་ལུས་སེམས་གཉིས་ཀས་བསྟོད་བསྔགས་དང་རྒྱབ་སྐྱོར་གང་ལེགས་མཛད།

ཁྲི་ཀ་བཅའ་སྡོད་སློབ་གྲྭར་སྲོལ་རྒྱུན་ཤེས་བྱའི་འགྲན་བསྡུར་གྱི་བྱ་འགུལ་སྤེལ་བ།
བློ་རྩེ་གཅིག་ལ་སྒྲིམ་པའི་མདོ་འཛིན་པ་དང་འགྲན་ཞུགས་པ།

        ཁོ་ཚོས་རེབ་འདིའི་བྱ་འགུལ་འཐུས་སྒོ་ཚང་བ་དང་རྒྱལ་ཁའི་ངང་ལེགས་འགྲུབ་འབྱུང་ཆེད། སྲོལ་རྒྱུན་ཤེས་བྱའི་ནང་དོན་རྣམས་སློབ་འབྲིང་སློབ་མའི་ཆུ་ཚད་དང་བསྟུན་པ་སྒོས་ར་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་སོགས་ནས་རྩོམ་སྒྲིག་བྱས་པའི་སྲོལ་རྒྱུན་མིང་བརྡའི་དཔེ་དེབ་ལ་གཞི་བཅོལ།  ཞོར་དུ་རང་རང་ས་ནས་ད་སྐབས་འཐུས་ཤོར་དུ་འགྲོ་བཞིན་པའི་སྲོལ་རྒྱུན་རིག་གནས་ཀྱི་ཤེས་བྱ་རེ་འགའ་གདམ་བཏུས་བྱས་ནས་བསྒྲིགས་པ་རེད། འགྲན་བསྡུར་གྱི་བྱེད་ཐབས་ལའང་ངེས་པར་ལན་འདེབས་པའི་སྐོར་དང་། འཕྲོག་ལན་གྱི་སྐོར། ཉེན་ཁ་ཅན་གྱི་ལན་འདེབས་པའི་སྐོར་བཅས་ལེ་ཚན་གསུམ་དུ་བགར་ཡོད་པ་དང་། བྱ་འགུལ་འདིའི་མགོ་མཇུག་བར་གསུམ་ལ་སློབ་མ་ཚོ་རང་ཉིད་ནས་ལག་ལེན་དངོས་ལ་ཞུགས་པས་འགྲན་རྩོད་ཀྱི་ངར་ཤུགས་ཇེ་ཆེར་ཕྱིན་པ་དང་ཟབ་ཞུགས་ཀྱི་ཚད་ཀྱང་སྔོན་མའི་བྱ་འགུལ་དག་དང་བསྡུར་ན་མངོན་གསལ་སྒོས་འབུར་ཐོན་བྱུང་སྟབས་གསར་བའི་ཆ་མང་པོ་ཞིག་ལྡན།

ཁྲི་ཀ་བཅའ་སྡོད་སློབ་གྲྭར་སྲོལ་རྒྱུན་ཤེས་བྱའི་འགྲན་བསྡུར་གྱི་བྱ་འགུལ་སྤེལ་བ།
རེབ་འདིའི་སྲོལ་རྒྱུན་ཤེས་བྱའི་འགྲན་སྡུར་ཁྲོད་བྱ་དགའ་ཐོབ་པའི་སློབ་བུ་རྣམས།

        ཕྱི་དྲོའི་དུས་ཚོད་གཉིས་ཀྱི་འགྲན་བསྡུར་ནི་བསམ་དབང་དྲན་དབང་མེད་པར་མདོ་འཛིན་པའི་ཉམས་འགྱུར་དང་བཀོད་སྒྲིག་པའི་འཆར་གཞི། ལྟ་མཁན་པའི་ཛ་དྲག་འུར་ཟིང་གི་འགྲན་རྩོད་བརྒྱུད། སྲོལ་རྒྱུན་ཤེས་བྱའི་འགྲན་སྡུར་རྒྱལ་ཁའི་ངང་བདེ་ལེགས་སུ་སྤེལ། ཐེངས་འདིར་སློབ་བུ་བརྒྱད་ལ་ཨང་དང་པོ་དང་གཉིས་པ། གསུམ་པ་བཅས་ཀྱི་བྱ་དགའ་ཐོབ་པ་དང་། བྱ་དགའ་ལ་མཚན་སྙན་དཔང་ཡིག་དང་དྲན་རྟེན་དཔེ་ཆས་རྟིང་སྐུལ་གནང་། མཇུག་མཐར་སློབ་གཙོ་སྙིང་ལྕགས་རྒྱལ་ནས་བྱ་འགུལ་གྱི་ལེགས་ཆ་དང་མི་འདང་བའི་ཐད་ལ་བསམ་འཆར་བཏོན་ཞིང་། ལྷག་པར་སློབ་བུ་དག་གིས་ཕ་སྐད་ལ་བཅངས་པའི་བརྩེ་སེམས་དང་ན་གཞོན་མི་རིགས་ཤིག་གི་འོས་འགན། རྣམ་དག་གི་འདུ་ཤེས་ཐད་ལ་བསྔགས་བརྗོད་དང་བཅས་བྱ་འགུལ་ལ་སྤྱི་སྡོམ་མཛད་པ་རེད།

ཁྲི་ཀ་བཅའ་སྡོད་སློབ་གྲྭར་སྲོལ་རྒྱུན་ཤེས་བྱའི་འགྲན་བསྡུར་གྱི་བྱ་འགུལ་སྤེལ་བ།
ཕ་སྐད་ཞབས་ཞུ་མཐུན་ཚོགས་ཀྱི་གཙོ་འགན་པ་དག

 
  • ལེ་ཚན་སྔོན་མ།:བོད་ལྗོངས་མཚུར་ཕུ་དགོན་དུ་དར་ཤིང་སྒྲེང་བའི་ཆོས་ལུགས་ཀྱི་ཆོ་ག་སྤེལ་བ།
  • ལེ་ཚན་རྗེས་མ།:ལྷོ་པའི་དམངས་སྲོལ་འགྲེམ་སྟོན་དེ་བོད་ལྗོངས་དངོས་མང་བཤམས་སྟོན་ཁང་དུ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།