ལྷ་མོ་ཚེ་སྐྱིད། མཚོ་སྔོན་པོ་དྲ་བ། 2013-04-08
《ལང་ཚོའི་སྦུབས་ནང་རྨི་ལམ་མང》ཞེས་པའི་སྒྲུང་རིང་འགྲེམ་སྤེལ་བྱས་པ།
ཉེ་ལམ། རྒྱུས་ལོན་བྱུང་བ་ལྟར་ན། སྐྱིད་ཆུ་བསྟན་འཛིན་ཉི་མའི་སྒྲུང་རིང《ལང་ཚོའི་སྦུབས་ནང་རྨི་ལམ་མང》ཞེས་པ་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་བྱས།
《ལང་ཚོའི་སྦུབས་ནང་རྨི་ལམ་མང》ཞེས་པའི་སྒྲུང་རིང་འདི་ནི་རྩོམ་པ་པོས་དངོས་ཡོད་རིང་ལུགས་ཀྱི་བརྗོད་དོན་རྨང་གཞི་བྱས་ཏེ་གཙོ་ཆེར་དེང་དུས་བོད་ཀྱི་སློབ་ཆེན་སློབ་མས་རང་ཉིད་ཀྱི་ཕུགས་བསམ་འཚོལ་སྙེག་དང་ཤེས་བྱ་སྦྱོང་བའི་འདུན་མ་དྲག་པོ་བཅས་ཞིབ་འབྲི་བྱས་ཡོད་པ་དང་། བརྩམས་སྒྲུང་འདིར་བསྡོམས་པས་ལེའུ20དང་ཡིག་འབྲུ་ཁྲི20ཡས་མས་ཡོད་པ་རེད།
བརྩམས་སྒྲུང་འབྲི་བའི་གོ་རིམ་ཁྲོད། རྩོམ་པ་པོས་གང་ནུས་ཀྱིས་བོད་ལྗོངས་ཀྱི་མི་རབས་གསར་བའི་སློབ་མས་མི་ཚེ་ལ་གོ་བ་ལེན་སྟངས་དང་ན་གཞོན་དེ་དག་ལ་མངའ་བའི་ཐུན་མོང་མ་ཡིན་པའི་རང་རློམ་གསལ་བོར་མཚོན་པར་བྱས་ཤིང་། དེང་རབས་སློབ་ཆེན་སློབ་མའི་སློབ་གཉེར་གྱི་བརྒྱུད་རིམ་བརྗོད་པ་དང་ཆབས་ཅིག ཁོ་ཚོའི་ལང་ཚོའི་གཟི་དཔལ་དང་ལོ་རབས་དེའི་རྣམ་པར་བཀྲ་བའི་འཚོ་བ་མངོན་པར་དོད་ཡོད།
རྩོམ་པ་པོ་ངོ་སྤྲོད།
སྐྱིད་ཆུ་བསྟན་འཛིན་ཉི་མ་ནི1984ལོའི་ཟླ1པོར་བོད་ལྗོངས་ལྷ་ས་རུ་སྐྱེས་ཤིང་། 2008ལོར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན། ད་ལྟའི་བར་སྔ་གཞུག་ཏུ་བོད་རྒྱ་སྐད་གཉིས་ཀྱི་ལམ་ནས《བོད་ལྗོངས་རིག་རྩལ》དང་། 《བོད་ལྗོངས་རྩོམ་རིག》 《སྦྲང་ཆར》སོགས་དུས་དེབ་ཏུ《ལྷིང་འཇགས་ཀྱི་ལྷ་སའི་སྐྱིད་ཆུ》ཞེས་པ་སོགས་རྩོམ་རིག20ལྷག་སྤེལ་མྱོང་བ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10