བོད་ལྗོངས་ཀྱིས་བོད་སྐད་ཡིག་ཆ་འཕྲིན་བཀོད་སྤྱོད་མཉེན་ཆས་ཁྱབ་གདལ་བཏང་བ།
བོད་ལྗོངས་འཕྲིན་དྲ། 2013-03-14
ལོ་མང་རིང་བོད་ལྗོངས་ཀྱིས་བོད་སྐད་ཡིག་དེ་དེང་རབས་ཚན་རྩལ་དང་འབྲེལ་མཐུད་བྱེད་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས། གློག་ཀླད་ཐོག་བོད་ཡིག་རྒྱག་སྟངས་དང་བཀོལ་སྤྱོད་མ་ལག གཞུང་ལས་མཉེན་ཆས། དྲ་བའི་ལྟ་ཀློག་ཡོ་ཆས་སོགས་རྨང་གཞིའི་རང་བཞིན་གྱི་བོད་ཡིག་མཉེན་ཆས་ཁག་གཅིག་ཞིབ་བཟོ་བྱས་པ་མ་ཟད། བོད་རང་སྐྱོང་ལྗོངས་ཀྱི་རིམ་པ་ཁག་གི་མི་དམངས་སྲིད་གཞུང་ལས་ཁུངས་དང་སློབ་གསོའི་ཁོངས་གཏོགས་སུ་བོད་སྐད་ཡིག་ཆ་འཕྲིན་བཀོད་སྤྱོད་མཉེན་ཆས་ཁྱབ་གདལ་ཤུགས་ཆེན་བཏང་བ་རེད། ལོ་ངོ1300ལྷག་གི་ལོ་རྒྱུས་ལྡན་པའི་གནའ་བོའི་སྐད་ཡིག་དེ་གློག་རྡུལ་དུས་རབས་སུ་བསྐྱོད་ནས་འཛམ་གླིང་ལ་ཁ་ཕྱོགས་བཞིན་ཡོད་པ་རེད། དེང་སྐབས་བོད་དུ་བོད་ཡིག་རྒྱག་ཆོག་པའི་ལག་ཐོག་ཁ་པར་ལ་བོད་རིགས་ཚོས་དགའ་པོ་བྱེད་ཀྱི་ཡོད་པ་དང་། དཔེ་མཛོད་ཁང་དུ་སྐྱོད་ཚེ་བོད་ཡིག་ཀློག་དེབ་དང་བོད་ཡིག་གི་བརྙན་ཕབ་མཁོ་ཆས་སྣ་ཚོགས་ཡོད་པ་མ་ཟད། བོད་སྐད་ཡིག་གི་ཁྱད་ཆོས་ལྡན་པའི་གྲངས་རྟགས་ཐོན་རྫས་ཀྱང་ཧ་ཅང་མང་པོ་ཡོད་པ་དེ་དག་ལ་མི་རྣམས་ཀྱིས་དེ་བས་དགའ་པོ་བྱེད་ཀྱི་ཡོད་པ་རེད།