མཚོ་སྔོན་གསར་འགྱུར་དྲ་བ། 2013-03-13
བསོད་ནམས་སྐྱིད་ཀྱིས་བཤད་རྒྱུར། ལོ་འགའི་སྔོན་ལ། རྒྱལ་ཁབ་ཀྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་ཁ་གསབ་ལམ་ལུགས་ལག་བསྟར་བྱས་ཏེ། རྩྭ་ཕྱུགས་དོ་མཉམ་ཁ་གསབ་སྲིད་ཇུས་བཙུགས་ཤིང་། བཅའ་སྡོད་དང་རྩྭ་ས་ལས་ཕྱིར་སྤོ་བྱས་པའི་འབྲོག་ཁྱིམ་ལ་ལོ་རེར་དཔལ་འབྱོར་གྱི་ཁ་གསབ་ངེས་ཅན་ཞིག་སྟེར་བཞིན་ཡོད། དེར་བརྟེན། ང་རང་ཡང་ནང་ལོགས་ནས་མཐོ་རིམ་སློབ་ཆེན་འགྲིམ་བཞིན་ཡོད་པས་ལོ་རེའི་སློབ་ཡོན་ལ་སྒོར་སྟོང་བརྒྱད་ལྷག་དགོས་ཤིང་། རྒྱལ་ཁབ་ཀྱིས་ཐེངས་གཅིག་ལ་སྒོར་ཁྲི་གཅིག་གི་རྩིས་ཞུ་བྱེད་བཞིན་ཡོད།
ཞིང་ཆེན་སློབ་གསོ་ཐིན་ནོར་སྲིད་ཁྲུའུ་ཡི་འགན་འཁུར་མི་སྣས་མཚམས་སྦྱོར་བྱེད་རྒྱུར། མཚོ་སྔོན་གྱིས2011ལོའི་སྟོན་དུས་སློབ་འགོ་ཚུགས་པ་ནས་བཟུང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་དུ“1+9+3”ཡི་སློབ་ཞུགས་སྔོན་གྱི་སློབ་གསོ་ནས་མཐོ་འབྲིང་བར་གྱི་ལོ་བཅུ་གསུམ་རིང་གི་སློབ་གསོའི་འགྲོ་གྲོན་འགན་སྲུང་ཁ་གསབ་ལམ་ལུགས་ལག་བསྟར་བྱས་ལ། ཞིང་ཆེན་ནོར་སྲིད་ཀྱིས་འགྲོ་གྲོན་བཀོད་སྒྲིག་བྱས་ཏེ། ཡུས་ཧྲུའུ་དང་མགོ་ལོག རྨ་ལྷོ། མཚོ་ལྷོ་བཅས་བོད་རིགས་རང་སྐྱོང་ཁུལ4ཡི་ཁོངས་གཏོགས་ཀྱི་རྫོང21དང་ན་གོར་མོ་སྲིད་གཞུང་ཁོངས་གཏོགས་ཀྱི་གདང་ལ་གྲོང་རྡལ་བཅས་ཀྱི་འོས་འགན་སློབ་གསོའི་སྤྱི་སྤྱོད་འགྲོ་གྲོན་ཁ་གསབ་ཚད་གཞི་ཇེ་མཐོར་བཏང་བའི་དུས་མཚུངས་སུ། སློབ་ཞུགས་སྔོན་གྱི་སློབ་གསོ་དང་འབྲིང་རིམ་ཆེད་ལས་སློབ་གསོའི་འགྲོ་གྲོན་ལ་འོས་འཚམ་གྱིས་ཁ་གསབ་བྱས། སློབ་ཞུགས་སྔོན་གྱི་སློབ་གསོའི་དུས་རིམ་གྱི་སློབ་མ་རེར་ལོ་རེར་ཆ་སྙོམས་ཀྱིས་སྒོར2200ཡི་འགྲོ་གྲོན་ཁ་གསབ་བྱས་པ་དང་། སློབ་མ་རེར་ལོ་རེར་འཚོ་བའི་ཁ་གསབ་སྒོར1500བྱིན་ཡོད། འོས་འགན་སློབ་གསོའི་དུས་རིམ་དུ། དམའ་འབྲིང་དང་སློབ་ཆུང་གི་སློབ་མ་རེར་ལོ་རེར་སྤྱི་སྤྱོད་འགྲོ་གྲོན་ཁ་གསབ་ཚད་གཞི་གཅིག་གྱུར་སྒོས་སྒོར200ཇེ་མཐོར་བཏང་ཡོད་ལ། བཅའ་སྡོད་ལམ་ལུགས་སློབ་ཆུང་གི་སློབ་མ་རེར་ལོ་རེར་འཚོ་བའི་ཁ་གསབ་ཡང་བསྐྱར་སྒོར100ཇེ་མཐོར་བཏང་ཡོད། འབྲིང་རིམ་ཆེད་ལས་སློབ་གསོའི་དུས་རིམ་གྱི་སློབ་མ་རེར་ལོ་རེར་སྤྱི་སྤྱོད་འགྲོ་གྲོན་སྒོར2700ཁ་གསབ་བྱས་ཏེ། གཙོ་བོ་སློབ་ཡོན་དང་མལ་ཁང་གི་རིན་པ། དཔེ་དེབ་རིན་པ། དྲོད་ལེན་རིན་པ་སོགས་སློབ་གསོའི་འགྲོ་གྲོན་མེད་པར་བཏང་ཞིང་། སློབ་མ་རེར་ལོ་རེར་འཚོ་བའི་ཁ་གསབ་སྒོར1500བྱིན་ཡོད་ལ། དེའི་ནང་ལོ་རིམ་གསུམ་པར་སྒོར800ཡི་ཁ་གསབ་བྱས་ཡོད། མཐོ་རིམ་དཀྱིས་མའི་སློབ་ཆེན་གྱི་དངོས་གཞི་སློབ་མ་རེར་ཐེངས་གཅིག་ལ་སྒོར་ཁྲི1གི་ཁ་གསབ་དང་ཆེད་སྦྱོང་སློབ་མ་རེར་ཐེངས་གཅིག་ལ་སྒོར6000གི་ཁ་གསབ་བྱས།
མིག་སྔར། ཡུས་ཧྲུའུ་དང་མགོ་ལོག རྨ་ལྷོ། མཚོ་ལྷོ་བཅས་ཁུལ་བཞིའི་སློབ་མ་དང་ཡུལ་གཞན་ནས་སློབ་སྒྲུབ་སྲིད་ཇུས་ལོངས་སྤྱོད་བྱེད་བཞིན་པའི་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་སློབ་མ་བཅས་བསྡོམས་པས་སློབ་མ་ཁྲི24ལ་སྲིད་ཇུས་འདི་ལས་ཕན་ཁེ་ཐོབ་ཡོད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10