ལན་གྲུ་ནས་ཞིན་ཅང་བར་གྱི་མྱུར་བགྲོད་ལྕགས་ལམ་དུ་མེ་འཁོར་ཤར་གཏོང་ཐུབ།
གངས་སྐྱིད་ཀྱིས་བསྒྱུར། 2014-12-29
ཟླ་བ12པའི་ཚེས26ཉིན་ལན་གྲུ་ནས་ཞིན་ཅང་བར་གྱི་མྱུར་བགྲོད་ལྕགས་ལམ་དུ་མེ་འཁོར་ཤར་གཏོང་ཐུབ་སྟེ་མེ་འཁོར་གྱི་པ་སེ་དེ་ཚེས24ཉིན་གྱི་ཆུ་ཚོད10དང་སྐར30ཐོག་འཚོང་འགོ་བཙུགས་ཡོད། མྱུར་བགྲོད་ལྕགས་ལམ་དེ་ཀན་སུའུ་ཞིང་ཆེན་གྱི་ལན་གྲུའི་ནུབ་ཕྱོགས་ཀྱི་མེ་འཁོར་བབས་ཚུགས་ནས་འགོ་ཚུགས་ཏེ་མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་དང་། ཀན་སུའུ་ཞིང་ཆེན་གྱི་ཀྲང་ཡེ། ཅིའུ་ཆོན། ཅ་ཡུས་ཀོན་འགག་སྒོ་། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་ཧྭ་མི་དང་ཐུའུ་ལུའུ་ཧྥན་སོགས་ས་ཁུལ་བརྒྱུད་དེ་ཝུའུ་ལུའུ་མུ་ཆིའི་ལྷོ་ཕྱོགས་ཀྱི་མེ་འཁོར་འབབ་ཚུགས་སུ་འབྱོར་རྒྱུ་རེད། མྱུར་བགྲོད་ལྕགས་ལམ་ཧྲིལ་པོའི་རིང་ཚད་སྤྱི་ལེ1777ཡོད་ཅིང་། ལྕགས་ལམ་བརྒྱུད་ཡུལ་དུ་ལན་གྲུའི་ནུབ་ཕྱོགས་དང་། ཟི་ལིང་། ཀྲང་ཡེའི་ནུབ་ཕྱོགས། ཅ་ཡུས་ཀོན་གྱི་འགག་སྒོའི་ལྷོ་ཕྱོགས། ཧྭ་མི། ཐུའུ་ལུའུ་ཧྥན་གྱི་བྱང་ཕྱོགས། ཧུའུ་ལུའུ་མུ་ཆིའི་ལྷོ་ཕྱོགས་སོགས་ཀྱི་འགྲུལ་སྐྱེལ་མེ་འཁོར་འབབ་ཚུགས21བཙུགས་ཡོད། མྱུར་བགྲོད་ལྕགས་ལམ་གྱི་འཛུགས་སྐྲུན་དམིགས་ཚད་ནི་ཕྱོགས་གཉིས་ནས་མེ་འཁོར་མཉམ་བུར་གཏོང་ཆོག་པའི་གློག་ཤུགས་ཅན་གྱི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་ལྕགས་ལམ་ཡིན་པ། མྱུར་ཚད་ཆེས་མགྱོགས་ཚད་ནི་ལྕགས་ལམ་ཐོག་མེ་འཁོར་ཆུ་ཚོད་རེར་སྤྱི་ལེ250རྒྱུག་ཐུབ་པའི་ཚད་གཞི་ལྟར་འཆར་འགོད་བྱས་ཡོད། ལན་གྲུ་ནས་ཞིན་ཅང་བར་གྱི་མྱུར་བགྲོད་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་ཐུབ་པ་དང་འཁོར་སྐྱོད་འཚོང་གཉེར་བྱས་པ་ནས་བཟུང་། ལན་གྲུ་ལྕགས་ལམ་ཅུས་ཀྱིས་ཤུགས་འགྲེམས་མེ་འཁོར་ཆ7གཏང་གྲབས་ཡོད་པ། དེའི་ནང་ལན་གྲུ་ནས་ཝུའུ་ལུའུ་མུའུ་ཆི་ལ་གཏོང་གྲབས་ཡོད་པའིD2703རྟགས་ཅན་གྱི་མེ་འཁོར་དེ་ཚེས26ཉིན་གྱི་ཆུ་ཚོད10དང་སྐར49ཐོག་གཏོང་འགོ་ཚུགས་རྒྱུ་ཡིན་པ་དང་། གཏོང་ཡུན་ཆུ་ཚོད11དང་སྐར50དགོས་ཤིང་། མེ་འཁོར་གྱི་པ་སེ་ཁག་དབྱེ་ནས་རིམ་པ་དང་པོའི་འདུག་གྲལ་ལ་སྒོར658དང་རིམ་གཉིས་པའི་འདུག་གྲལ་ལ་སྒོར548.5ཡིན་ཞིང་། འཕྲིན་སྦྲེལ་དྲ་བའི་ཐོག་ནས་ཐད་ཀར་མེ་འཁོར་པ་སེ་ཡང་ཉོ་ཆོག་པ་རེད།
ལྕགས་ལམ་སྤྱི་ཁྱབ་ཅུས་ཀྱི་འགན་ཁུར་པས་བཤད་དོན། ལན་གྲུ་ནས་ཞིན་ཅང་བར་གྱི་མྱུར་བགྲོད་ལྕགས་ལམ་བསྐྲུན་རྒྱུ་ནི་རྒྱལ་ཁབ་ཀྱི་ནུབ་རྒྱུད་གསར་སྦོལ་ཆེན་པོ་བྱ་རྒྱུའི་ནང་གི་གཙོ་གནད་ཀྱི་ཨར་ལས་ཤིག་རེད། མིག་སྔར་འཛམ་གླིང་ཐོག་གི་ལམ་ཐག་ཆེས་རིང་བའི་མྱུར་བགྲོད་ལྕགས་ལམ་ལ་ཆ་བཞག་ནས་བཤད་ན། ལན་གྲུ་ནས་ཞིན་ཅང་བར་གྱི་མྱུར་བགྲོད་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་ཐུབ་པ་དེ་ཀན་སུའུ་དང་། མཚོ་སྔོན། ཞིན་ཅང་བཅས་ཞིང་ཆེན་གསུམ་བར་ནུས་ཤུགས་ཆེན་པོའི་མྱུར་བགྲོད་ལྕགས་ལམ་གྱི་བགྲོད་ལམ་ཆགས་ཐུབ་པ་དང་། རང་རྒྱལ་གྱི་ནུབ་རྒྱུད་ལྕགས་ལམ་དྲ་བའི་ཆགས་ཚུལ་འཐུས་སྒོ་ཚང་དུ་གཏོང་ཐུབ་པར་མ་ཟད། ད་རུང་ནུབ་རྒྱུད་ས་ཁུལ་དང་ཀྲུང་ཧྭའི་བྱང་རྒྱུད་དང་ཤར་རྒྱུད།ལྷོ་ནུབ་ས་ཁུལ་བར་གྱི་དཔལ་འབྱོར་དང་རིག་གནས་ཐད་སྤེལ་རེས་བྱེད་པར་སྐུལ་འདེད་གཏོང་ཐུབ་ལ། མྱུར་བགྲོད་ལྕགས་ལམ་བརྒྱུད་ཡུལ་གྱི་རྣམ་པ་གསར་པའི་གྲོང་རྡལ་ཅན་གྱི་འཛུགས་སྐྲུན་དང་ས་ཁོངས་དཔལ་འབྱོར་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བར་ཆ་རྐྱེན་བསྐྲུན་ཐུབ་པ་དང་། དར་གོས་བགྲོད་ལམ་གསར་པའི་དཔལ་འབྱོར་ས་རྒྱུད་བསྐྲུན་པར་སྐུལ་འདེད་གཏོང་བར་གལ་ཆེའི་སྙིང་དོན་ལྡན་པ་རེད།