ཤིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་2ཚེས་18ཉིན་གློག་འཕྲིན་འབྱོར་གསལ།ཚེས18ཉིན་གྱི་ཕྱི་དྲོར་ཏེའུ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གོ་མིན་ཏང་གི་མཚན་འཛིན་ཀྲུའུ་ཞི་ལེན་ཀྲན་དང་དེ་བཞིན་ལྷན་དུ་བཅར་འདྲི་གནང་བར་ཕེབས་པའི་ཐའེ་ཝན་ལས་རིགས་ཁག་གི་མི་སྣ་ལ་མཇལ་འཕྲད་གནང་སྐབས་ངོགས་གཉིས་ཀྱིས་ངོགས་གཉིས་ཁྱིམ་ཚང་གཅིག་ལྟར་བྱེད་པའི་འདུ་ཤེས་ཐོག་ནས་བབ་བསྟུན་ལས་སྒྲུབ་དང་སེམས་ནུས་གཅིག་སྒྲིལ་གྱིས་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་དེ་བས་མང་བ་ཐོབ་པ་བྱེད་པ་དང་ངོགས་གཉིས་ཀྱི་དམངས་ཚོགས་ལ་བདེ་སྐྱིད་བསྐྲུན་ནས་ཐུན་མོང་ཐོག་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུའི་རེ་བ་ཡོད་ཅེས་ནན་གསུང་གནང་བ་རེད།
ཞི་ཅིན་ཕིང་གིས་ལོ་རྒྱུས་དང་དངོས་ཡོད་ཀྱི་རྒྱུ་རྐྱེན་གྱི་དབང་གིས་ངོགས་གཉིས་ཀྱི་འབྲེལ་བའི་ཐད་ལྷག་པའི་གནད་དོན་མང་པོ་ཞིག་གནས་སྐབས་ཐག་གཅོད་མི་ཐུབ་ཀྱང་ངོགས་གཉིས་ཀྱི་སྤུན་ཟླ་ནི་ཁྱིམ་ཚང་གཅིག་ལྟར་ཡིན་པས་ཐུན་མོང་གི་ཁྲག་རྒྱུན་དང་།ཐུན་མོང་གི་རིག་གནས།ཐུན་མོང་གི་འབྲེལ་གཞི།ཐུན་མོང་གི་འདུན་པ་བཅས་ཡོད་པ་དེ་དག་ནི་ཕན་ཚུན་བསམ་ཤེས་བྱ་རྒྱུར་སྐུལ་འདེད་དང་སེམས་ཤུགས་གཅིག་ཏུ་སྒྲིལ་ནས་མཉམ་དུ་མདུན་སྐྱོད་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་ཞེས་བསྟན་པ་སྟེ།
གཅིག ངོགས་གཉིས་ཀྱི་སྤུན་ཟླ་ནི་ཁྱིམ་ཚང་གཅིག་ལྟར་ཡིན་པས་ང་ཚོའི་བར་གྱི་ཤ་རུས་ལྟ་བུའི་འབྲེལ་བ་དེ་སུ་ཞིག་གིས་ཀྱང་མེད་པ་བཟོ་མི་ཐུབ། གཉིས།ངོགས་གཉིས་ཀྱི་སྤུན་ཟླའི་ལས་དབང་གཅིག་ཏུ་སྦྲེལ་བས་ཕན་ཚུན་བར་གྱི་སེམས་ཀྱི་མདུད་པ་དཀྲོལ་མི་ཐུབ་པ་མེད།གསུམ།ངོགས་གཉིས་ཀྱི་སྤུན་ཟླས་བློ་སེམས་གཅིག་ཏུ་སྒྲིལ་ནས་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་འགྲོ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་དགོས།བཞི།ངོགས་གཉིས་ཀྱི་སྤུན་ཟླ་ཚོས་བློ་སེམས་གཅིག་སྒྲིལ་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མཉམ་དུ་མངོན་འགྱུར་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། ང་ཚོས་ཐའེ་ཝན་སྤུན་ཟླ་ལ་བསམ་པ་རྣམ་དག་བྱས་ཀྱི་ཡོད། ཕྱོགས་སོ་སོའི་བསམ་འཆར་ལ་ཉན་འདོད་ཡོད། ཐའེ་ཝན་སྤུན་ཟླའི་བདེ་སྐྱིད་ལ་ཕན་པའི་བྱ་བ་དང་། ངོགས་གཉིས་བར་གྱི་འབྲེལ་བར་སྐུལ་འདེད་གཏོང་བ་དང་ཞི་བདེའི་ངང་འཕེལ་རྒྱས་ཡོང་བར་ཕན་ཐོགས་ཡོད་པའི་བྱ་བ། ཀྲུང་ཧྭ་མི་རིགས་ཀྱི་ཁེ་ཕན་ཧྲིལ་བོ་སྲུང་སྐྱོང་བྱེད་པར་ཕན་པའི་བྱ་བ་བཅས་ཡིན་ཕྱིན་ང་ཚོས་འབད་པ་ཆེན་པོས་ཡག་པོ་བསྒྲུབས་ཏེ་རྒྱ་ཆེའི་ཐའེ་ཝན་སྤུན་ཟླ་ངོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཁྲོད་དུ་ཕན་པ་དེ་བས་མང་པོ་ཐོབ་ཏུ་བཅུག་པ་དང་ང་ཚོའི་ཀྲུང་གོ་བ་ཐམས་ཅད་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་མྱོང་དུ་འཇུག་དགོས། ངོགས་གཉིས་ཀྱི་སྤུན་ཟླས་ཕན་ཚུན་རོགས་སྐྱོར་བྱེད་དགོས། ཏང་ཁག་དང་། གྲལ་རིམ།ཆོས་ལུགས། ས་ཁོངས་བཅས་ཀྱི་དབྱེ་བ་མི་ཕྱེ་བར་ཚང་མ་མི་རིགས་བསྐྱར་དར་གྱི་འཕེལ་རིམ་ནང་དུ་ཞུགས་ནས། ང་ཚོའི་ཐུན་མོང་གི་ཀྲུང་གོའི་ཕུགས་འདུན་སྔ་ཙམ་མངོན་འགྱུར་ཡོང་བ་བྱ་དགོས།
ལེན་ཀྲན་གྱིས་བསྟན་དོན། 2005ལོར་གོ་མིན་ཏང་དང་གུང་ཁྲན་ཏང་བར་འདུམ་འགྲིག་གླེང་མོལ་སྤེལ་བས་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེ་འཕེལ་རྒྱས་ཀྱི་ཕྱོགས་སུ་བསྐྱོད་ཅིང་ངོགས་གཉིས་ཀྱི་མི་དམངས་ལ་སྔར་བྱུང་མེད་པའི་གནས་བབ་བཟང་པོ་ཞིག་བྱུང་བ་རེད། འདི་ནི་བསྒྱུར་ཁ་གཏོང་མི་འོས་ཤིང་བཏུབ་ཀྱང་མི་ཐུབ་པའི་ཡང་དག་པའི་འགྲོ་ལམ་ཞིག་རེད། ངོགས་གཉིས་ཀྱི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་ཁོངས་གཏོགས་ཡིན་ཞིང་ངོགས་གཉིས་ཀྱི་མི་དམངས་ནི་ཀྲུང་ཧྭའི་མི་རིགས་ཀྱི་ཁོངས་གཏོགས་ཡིན་པས་མ་གཞི་ནས་ཁྱིམ་ཚང་གཅིག་གི་ཁྱིམ་མི་ཡིན། ངོགས་གཉིས་ཀྱིས་སྔར་བས་དམ་པ་དོན་གཉེར་གྱི་བསམ་ཚུལ་བཟུང་ནས་ཐའེ་ཝན་ལ་ངོགས་གཉིས་ཞི་བདེ་འཕེལ་རྒྱས་དང་ཀྲུང་ཧྭའི་མི་རིགས་བསྐྱར་དར་གྱི་བརྒྱུད་རིམ་ཁྲོད་དུ་ཕན་ནུས་ལྡན་པ་དང་དྲང་ངོས་ཀྱི་ནུས་པ་གང་ལེགས་འདོན་དུ་འཇུག་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཝང་ཧྥུའུ་ལིང་དང་། ལི་ཀྲན་ཧྲུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཨུ་ཡོན་དབྱང་ཅེ་ཁྲེ་སོགས་མཇལ་འཕྲད་ནང་དུ་ཞུགས།