མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་ཝུན་ཅ་པའོ་ལ་ཞིང་པའི་བྱ་དགའ་གནང་།
(མིག་དམར་གྱིས་བསྒྱུར།) 2012-10-11
ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ10པའི་ཚེས2ཉིན་འབྱོར་བའི་གཏམ་གསར། གོང་ཚེས་ཉིན།མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོ་རུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པའོ་ལ་ཞིང་པའི་བྱ་དགའ་གནང་བ་རེད།
བྱ་དགའ་གནང་བའི་མཛད་སྒོའི་ཐོག མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་སྒྲུབ་པ་ཏ་ཞི་ཨེར་ཝས་གསུངས་རྒྱུར། ཀྲུང་གོས་སའི་གོ་ལ་ཡོངས་ཀྱི་བརྒྱ་ཆ9ལ་ཟིན་པའི་རྨོ་ཞིང་དང་བརྒྱ་ཆ6ལ་ཟིན་པའི་ཚྭ་མེད་ཆུ་ཡིས་སའི་གོ་ལའི་བརྒྱ་ཆ21ལ་ཟིན་པའི་མི་འབོར་གསོས་པ་རེད། འདས་ཟིན་པའི་ལོ9ཡི་ནང་ཀྲུང་གོའི་འབྲུ་རིགས་ཐོན་སྐྱེད་བརྟན་བརླིང་ངང་འཕེལ་རྒྱས་ཕྱིན་པའི་རྣམ་པ་རྒྱུན་འཁྱོངས་བྱས་ཤིང་ཞིང་ལས་ཐོན་རྫས་མང་པོའི་ཐོན་ཚད་འཛམ་གླིང་གི་ཨང་དང་པོར་སླེབས་པ་རེད། འདི་ནི་ཀྲུང་གོའི་གཟི་བརྗིད་ཡིན་པར་མ་ཟད་འཛམ་གླིང་འབྲུ་རིགས་བདེ་འཇགས་ལ་བཞག་པའི་བྱས་རྗེས་ཆེན་པོ་ཞིག་ཀྱང་ཡིན་པ་རེད།
ཏ་ཞི་ཨེར་ཝས་གསུངས་རྒྱུར། ཀྲུང་གོས་རང་ཉིད་ལ་འབྲུ་རིགས་ཀྱི་དགོས་མཁོ་བསྐོང་བ་དང་ཐལ་དྲགས་པའི་དབུལ་པོ་མེད་པར་གཏོང་རྒྱུའི་ཐད་ལ་འབད་བརྩོན་བྱས་པ་ནི་སའི་གོ་ལ་ཡོངས་ལ་གལ་ཆེ་བའི་དོན་སྙིང་ལྡན་པ་རེད། ཁོང་གིས་ཀྲུང་གོ་སྲིད་གཞུང་གིས་ཞིང་ལས་སྐོར་གྱི་གནད་དོན་གསུམ་དེ་ལས་དོན་ཡོངས་ཀྱི་གལ་ཆེ་ནང་གི་གལ་ཆེ་ལ་བརྩིས་ནས་འབྲུ་རིགས་ཐོན་སྐྱེད་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ། དབུལ་ཕོངས་མེད་པ་བྱེད་གང་ཐུབ་བྱེད་པར་ཁས་ལེན་གང་ལེགས་གནང་ཡོད།ཀྲུང་གོས་བཅོས་བསྒྱུར་དང་གསར་སྐྲུན་བྱས་པ་བརྒྱུད་ནས་མ་འོངས་པར་དེ་བས་མཛེས་སྡུག་ལྡན་པ་ཞིག་འཛུགས་རྒྱུར་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས།ཁོང་གིས་ཀྲུང་གོས་ཞིང་ལས་ཁྱབ་ཁོངས་སུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་བར་མཉམ་འབྲེལ་ཟབ་སྤེལ་བྱས་ཏེ་ཧུར་ཐག་གིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་གིས་ཞིང་ལས་ཐོན་སྐྱེད་བྱེད་ཚད་མཐོར་འདེགས་གཏོང་བར་རོགས་རམ་བྱས་པ་བཅས་ལ་བསྔགས་བརྗོད་ཆེན་པོ་གནང་བ་རེད།
ཙུང་ལི་ཝུན་ཅ་པའོ་ཡིས་གུས་ལན་འཇལ་དུས་གསུངས་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་རྩ་འཛུགས་ཀྱིས་ཞིང་པའི་བྱ་དགའ་དེ་ང་ལ་གནང་བ་ནི་རང་ཉིད་གཅིག་པུའི་མཚན་སྙན་མིན་ལ།དེ་ནི་རྒྱལ་སྤྱི་སྤྱི་ཚོགས་ཀྱིས་ཀྲུང་གོའི་ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་དང་གཟེངས་བསྟོད་ཆེན་པོ་གནང་བའི་མཚོན་ཚུལ་ཞིག་རེད། ཀྲུང་གོའི་འབྲུ་རིགས་བསྟུད་མ་ལོ9ལ་ཐོན་འཕར་བྱུང་ནས་ད་ལོའི་ཐོན་ཚད་ནི་ལོ9སྔོན་གྱི2003ལོ་ལས་ཧ་ལམ་ཏུན་དུང་ཕྱུར1.5ཐོན་འཕར་བྱུང་བ་རེད། དེས་ནུས་ལྡན་གྱིས་ཀྲུང་གོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བ་ལེགས་བཅོས་བྱས་པར་འགན་སྲུང་བྱས་པས་མ་ཚད།སའི་གོ་ལ་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་ལ་བྱས་རྗེས་གལ་ཆེ་བཞག་ཡོད་པ་རེད། ཀྲུང་གོའི་ཞིང་ལས་གོང་འཕེལ་མགྱོ གས་པོ་བྱུང་བའི་ཁྲོད་དུ་ཞིང་སྡེའི་དམངས་འཚོ་ལ་ལེགས་བཅོས་མངོན་གསལ་དོད་པོ་བྱུང་བ་རེད།