ལྷ་མོ་ཚེ་སྐྱིད། 2012-09-26
ཟླ9བའི་ཚེས20ཉིན། ནུབ་བྱང་མི་རིགས་སློབ་ཆེན་སྤྱི་ཚོགས་ཚན་རིག་ཁང་དང་གེ་སར་ཞིབ་འཇུག་གླིང་གིས་གཙོ་སྒྲུབ་གནང་བའི《གེ་སར》སྒྱུ་རྩལ་པ་སློབ་རར་བསྐྱོད་པའི་བྱ་འགུལ་ཏེ་མི་རིགས་མང་པོའི་གེ་སར་སྒྲུང་མཁན་གྱི་སྒྲུང་བཤད་ཚོགས་འདུ་དེ་ནུབ་བྱང་མི་རིགས་སློབ་ཆེན་དུ་སྤེལ་ཞིང་། དེར་སློབ་གྲྭའི་བོད་རིགས་སློབ་མ་དང་། སོག་རིགས་སློབ་མ། རྒྱ་རིགས་སློབ་མ་སོགས་མི་རིགས་སློབ་མ་དག་དང་། 《གེ་སར》སྒྲུང་བ། 《གེ་སར》ཞིབ་འཇུག་ཆེད་མཁས་པ། འགོ་ཁྲིད་དང་དགེ་རྒན་རྣམས་ཐེངས་འདིའི་བྱ་འགུལ་དུ་ཞུགས།
རྒྱལ་ཡོངས་གེ་སར་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་འགོ་གཙོ་དང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་མི་རིགས་རྩོམ་རིག་ཞིབ་འཇུག་ཁང་གི་འབུམ་རམས་པའམ་ཞིབ་འཇུག་པ་ནོར་བུ་དབང་ལྡན། མཚོ་སྔོན་མི་རིགས་སློབ་ཆེན་གྱི་རབ་འབྱམས་པའི་སློབ་སྟོན་དགེ་རྒན་གཅོད་པ་དོན་འགྲུབ། མཚོ་སྔོན་གེ་སར་ཞིབ་འཇུག་ཁང་གི་འགོ་གཙོ་དབང་གྲགས། གེ་སར་ཞིབ་འཇུག་ཁང་གི་འབུམ་རམས་པའི་སློབ་སྟོན་དགེ་རྒན་ལྷ་མཆོག་རྒྱལ། སྒྲུང་བ་ཟླ་བ་གྲགས་པ་དང་། སོག་རིགས་སྒྲུང་བ་ཨོ་ཐེ་ཀུན་པེ་ཡུན། རྨ་ཆུའི་གེ་སར་སྒྲུང་བ་ཚེ་བཀྲ་སོགས་ཐེངས་འདིའི་བྱ་འགུལ་ལ་ཞུགས།
མི་རིགས་ས་ཁུལ་སོ་སོ་ནས་སླེབས་པའི་གེ་སར་སྒྲུང་བས་ཕུན་སུམ་ཚོགས་པའི་འཁྲབ་སྟོན་བྱས་ཤིང་། གེ་སར་ཞིབ་འཇུག་གི་ལས་ལ་གཞོལ་བའི་ཆེད་མཁས་པ་དང་དགེ་རྒན་ཆེན་མོ་བ་རྣམས་ཀྱིས་སྒྲུང་བཤད་ཀྱི་ནང་དོན་དང་ཁྱད་ཆོས། དགེ་མཚན་བཅས་ཀྱི་ཐད་ནས་སྒྱུ་རྩལ་པ་སོ་སོར་ཞིབ་ཕྲའི་གདེང་འཇོག་གནང་སྟེ་གེ་སར་ཞེས་པའི་གཟུགས་འདས་རིག་གནས་ཤུལ་བཞག་འདི་ཉིད་སྔར་ལས་ལྷག་པར་ཁྱབ་སྤེལ་དུ་གཏོང་བ་དང་། མི་རིགས་སོ་སོའི་སློབ་མ་རྣམས་ཀྱིས་ཀྱང་འཚོ་བའི་ཁྲོད་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱེད་པའི་འདུ་ཤེས་བརྟན་པོ་དགོས་པ་བསྟན། མཐར། ནུབ་བྱང་མི་རིགས་སློབ་ཆེན་གྱིས་སྒྲུང་བའི་སྒྱུ་རྩལ་པ་རྣམས་ལ་གདན་ཞུའི་དཔང་ཡིག་གནང་བ་རེད།
ཐེངས་འདིའི་གེ་སར་སྒྱུ་རྩལ་པ་སློབ་རར་བསྐྱོད་པའི་བྱ་འགུལ་ནི་གེ་སར་ཞིབ་འཇུག་ཁྱབ་སྤེལ་དུ་གཏོང་བའི་གོ་རིམ་གལ་ཆེན་ཞིག་ཡིན་ཞིང་། མི་རིགས་མང་པོའི་སྒྱུ་རྩལ་པ་དང་རྒྱལ་ནང་གི་མིང་གྲགས་ཤེས་ཡོན་པ་དང་ཆེད་མཁས་པ་མཉམ་དུ་འཛོམས་ཏེ་ཁྱད་དུ་འཕགས་པའི་མི་རིགས་རིག་གནས་ཀྱི་སྒྱུ་རྩལ་གསོལ་སྟོན་འདི་བཤམས་པ་དང་། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་སློབ་རྣམས་ལོ་ངོ་སྟོང་ལྷག་ལ་སྒྲུང་བཤད་རྒྱུན་མ་ཆད་པའི《གེ་སར》དང་དངོས་མྱོང་ཐེངས་ཤིག་བྱེད་ཐུབ་པ་བྱུང་།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10