རིན་གོང་བཀན་ཤིང་སྤྱད་དེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དམངས་འཚོར་ཁེ་ཕན་བསྐྲུན།
མིག་དམར་གྱིས་བསྒྱུར། 2014-06-17
ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ6པའི་ཚེས9ཉིན་འབྱོར་བའི་གཏམ་གསར། ད་ལོའི་ལོ་སྟོད། རྒྱལ་ཁབ་ཀྱིས་སྔོན་རྗེས་སུ་རྣམ་གྲངས10ལྷག་གི་ཚོང་ཟོག་དང་ཞབས་ཞུ་ལས་རིགས་ཀྱི་རིན་གོང་ཚོད་འཛིན་མི་བྱེད་པ་དང་ལེགས་སྒྲིག་བྱས་ཤིང་། དེ་ལ་འབྲུ་རིགས་དང་རང་བྱུང་སོལ་རླངས། ཆུ། ཁོར་ཡུག་སྲུང་སྐྱོང་གི་གློག་རིན་བཅས་གཏོགས་པ་རེད། ད་ལོའི་ཟླ་བ1པོའི་ཚེས7ཉིན། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་སྡོད་ཁང་འཛུགས་སྐྲུན་པུའུ་གཉིས་ཀྱིས་མཉམ་འབྲེལ་བྱས་ཏེ་སྡོད་དམངས་ཀྱི་འཚོ་བའི་ཆུ་སྤྱད་རྒྱུའི་ཐད་སྐས་རིམ་ལྟར་ཆུ་རིན་ལམ་ལུགས་བཅོས་བསྒྱུར་བྱེད་པར་མཛུབ་སྟོན་བྱེད་པའི་གྲོས་གཞི་དཔར་འགྲེམས་བྱས་ཏེ། 2015ལོའི་སྔོན་དུ་ས་གནས་ཁག་གིས་སྐས་རིམ་ལྟར་ཆུ་རིན་ལམ་ལུགས་འཛུགས་དགོས་པའི་རེ་བ་བཏོན། སྡོད་དམངས་ཀྱི་གཞི་རྩའི་འཚོ་བར་སྤྱོད་དགོས་པའི་སོལ་རླངས་གཏོང་སྤྲོད་བྱེད་ཚད་དེ་བརྟན་བརླིང་བལྟོས་བཅས་ཡིན་པའི་སྔོན་འགྲོའི་ཆ་རྐྱེན་འོག་རིན་གོང་བཀན་ཤིང་སྤྱད་དེ་སྡོད་དམངས་ཀྱིས་སོལ་རླངས་གྲོན་ཆུང་བྱེད་པར་སྣེ་ཁྲིད་བྱེད་དགོས་པ་རེད།
འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ལྷན་གྱིས་སྟོན་རྒྱུར། ཞིང་པས་འབྲུ་རིགས་འདེབས་པའི་ཧུར་བརྩོན་རང་བཞིན་ལ་སྲུང་སྐྱོང་བྱེད་པ་དང་། འབྲུ་རིགས་ཐོན་སྐྱེད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། རང་རྒྱལ་གྱིས་བསྟུད་མར་ལོ་མང་པོར་འབྲུ་རིགས་གཙོ་བོའི་རིན་གོང་ཆུ་ཚད་སྤར་བ། ཟླ་བ4པའི་ཚེས5ཉིན། འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ལྷན་གྱིས་ད་ལོའི་སྲིང་བལ་དམིགས་འབེན་གྱི་རིན་གོང་དེ་ཏུན་རེར་སྒོར19800ཡིན་པ་ཁྱབ་བསྒྲགས་བྱས། ཟླ་བ5པའི་ཚེས7ཉིན། འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ལྷན་གྱིས་ད་ལོའི་སྲན་ཆེན་དམིགས་འབེན་རིན་གོང་དེ་ཏུན་རེར་སྒོར4800ཡིན་པ་ཁྱབ་བསྒྲགས་བྱས་ཡོད།
སྤྱི་ཚོགས་ཀྱི་མ་རྩ་དེ་སྨན་བཅོས་འཕྲོད་བསྟེན་གྱི་ཁྱབ་ཁོངས་སུ་འཇོག་པར་སྣེ་ཁྲིད་དང་སྐུལ་མ་གཏོང་བ་དང་། སྨན་བཅོས་ཞབས་ཞུའི་མཁོ་སྤྲོད་རྒྱ་བསྐྱེད་གཏོང་བ། སྨན་བཅོས་ཞབས་ཞུའི་ལས་ཆོད་མཐོ་རུ་གཏོང་བ་དང་། རིམ་སོ་སོའི་སྨན་བཅོས་ཞབས་ཞུའི་དགོས་མཁོ་སྐོང་བ། ནད་བསྟེན་དཀའ་བའི་གནད་དོན་ཞི་ལྷོད་དུ་གཏོང་བ་བཅས་ཀྱི་ཆེད་དུ། ཟླ་བ4པའི་ཚེས10ཉིན། འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ལྷན་སོགས་སྡེ་ཁག་གིས་གཞུང་འཛུགས་སྨན་བཅོས་ལས་ཁུངས་མིན་པའི་སྨན་བཅོས་ཞབས་ཞུའི་རིན་གོང་ཚོད་འཛིན་མི་བྱེད་པ་ཁྱབ་བསྒྲགས་བྱས་ཡོད། ཟླ་བ5པའི་ཚེས8ཉིན། རང་རྒྱལ་གྱིས་ཁྱབ་བསྒྲགས་བྱས་ཏེ་ཚོད་འཛིན་མི་བྱེད་པའི་སྨན་བཅོས་ཉེན་འགོག་དཀར་ཆག་ནང་རིན་གོང་ཆུང་འབྲིང་གི་སྨན་རྫས་ལ་སྨན་རིགས་སྣ་ཁ530ཡི་སྨན་རྫས1100ལྷག་གཏོགས་ཡོད་པ་རེད།