མཚོ་སྔོན་པོ་དྲ་བ། 2014-05-30
སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཅིན་ཁྲོན་རྫོང་དུ་བོན་ཆོས་ཀྱི་ལོ་ངོ་སྟོང་གི་བརྐོས་རིས་རྙེད་པ།
ཟླ5བའི་ཚེས22ཉིན་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་རང་སྐྱོང་ཁུལ་ཆུ་ཆེན་རྫོང་རིག་དངོས་དོ་དམ་སྡེ་ཁག་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཆུ་ཆེན་རྫོང་ཁོངས་ཀྱི་མདོ་བུ་ཡུལ་ཚོའི་མ་ཁྲང་སྡེ་བ་རུ་དུས་རབས11ནས་དུས་རབས12བར་གྱི་བོན་ཆོས་ཀྱི་ལོ་ངོ་སྟོང་གི་བརྐོས་རིས་རྙེད་ཅིང་། མིག་སྔར་རྙེད་པའི་བོན་ཆོས་པར་རིས་ལས་གཞི་རྒྱ་ཆེས་ཆེ་བའི་བརྐོས་རིས་ཀྱི་ཚོགས་ཤིག་རེད།
ཟླ5བའི་ཚེས19ནས་ཚེས22བར། ཀྲུང་གོའི་མིང་དུ་གྲགས་པའི་ནང་བསྟན་གནའ་རྫས་རྟོག་ཞིབ་པའམ་དེ་སྔའི་ལུང་མིན་བྲག་ཕུག་ཞིབ་འཇུག་ཁང་གི་འགོ་གཙོ་ཝུན་ཡུའུ་ཁྲིན་དང་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་མིང་གྲགས་བོད་ལྗོངས་ལྡེབས་རིས་ཆེད་མཁས་པ་ཀྲང་ཡཱ་ཧྲ་སོགས་སྐོར་དང་བཅས་པས་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཆུ་ཆེན་རྫོང་མདོ་བུ་ཡུལ་ཚོའི་བརྐོས་རིས་ལ་ཡུལ་དངོས་རྟོག་ཞིབ་བྱས།
ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཀྲང་ཡཱ་ཧྲ་ཡིས་བསྟན་དོན། པར་རིས་འདི་དག་ལས་གནའ་བོའི་ཞང་ཞུང་བོན་གྱི་པར་རིས་ཀྱི་འགྱུར་ལྡོག་དང་། སྒོས་སུ་བོན་གྱི་དུས་མགོའི་དུར་མཆོད་སྲོལ་རྒྱུན་སོགས་རིག་གནས་སྣང་ཚུལ་ཐད་ཞིབ་འཇུག་བྱེད་པར་དགེ་མཚན་ཆེན་པོ་ལྡན་ལ། ས་གནས་ཀྱིས་མཐོང་ཆེན་ཆེན་པོ་བྱེད་དེ། ཐོག་མར་རི་བོ་དེ་ཡོངས་སུ་འགོག་སྤྱིལ་བྱས་ཏེ་སྲུང་སྐྱོབ་བྱས་ཐོག་རིམ་བཞིན་གོམ་པ་རྗེས་མའི་ཞིབ་འཇུག་གནང་བ་དང་། ཚོགས་ཞུགས་བོན་གྱི་བླ་ཆེན་དག་གིས་ཐིག་བརྐོས་སྟེང་གི་བོད་ཡིག་ཕྱག་བྲིས་དང་རྒྱུ་ཆ་མང་ཆེ་བ་བཀླགས་རྗེས་རྡོ་བརྐོས་ཀྱི་ནང་དོན་དེ་དག་ནི་གཡུང་དྲུང་བོན་གྱི་མ་རྒྱུད་ལྷག་པའི་ལྷ་དང་། བྲག་ཁུང་གི་ཕྱོགས་བཞི་མཚམས་བརྒྱད་ཀྱི་བྲག་ངོས་སུ་རྫོགས་ཆེན་བརྒྱུད་ཀྱི་སྐུ་བརྙན་མང་དུ་བརྐོས་ཡོད། ཡིག་ཚགས་ལས་བཀོད་པ་ལྟར་ན་གནས་འདི་ནི་རྫོགས་ཆེན་སྒོམ་སྒྲུབ་ཀྱི་གནས་འགངས་ཆེན་ཞིག་ཡིན་པ་དང་། རྒྱལ་རོང་ས་ཁུལ་གྱི་བླ་ཆེན་ཁག་གནས་འདིར་སྒོམ་བརྒྱབ་མྱོང་བ་རེད།
རྔ་བ་ཁུལ་ཆུ་ཆེན་རྫོང་མདོ་བུ་ཡུལ་ཚོའི་བརྐོས་རིས་རྙེད་པ་འདིས་ཞང་ཞུང་དང་རྒྱལ་རོང་རིག་གནས་ཀྱི་མཐུན་འབྲེལ་དང་བོན་གྱི་ལོ་རྒྱུས་ཞིབ་འཇུག་གནང་བར་གོམ་གང་མདུན་དུ་སྤུས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10