《གསོ་རིག་རྒྱུད་བཞིའི་འགྲེལ་ཆེན》ལ་བོད་རིག་པའི་ཞིབ་འཇུག་ཇོ་མོ་གླང་མའི་དམིགས་བསལ་བྱ་དགའ་ཐོབ།

ལྷ་མོ་ཚེ་སྐྱིད།        2014-05-21

ཟླ5བའི་ཚེས17ཉིན། སྐབས་གསུམ་པའི་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ཇོ་མོ་གླང་མའི་བྱ་དགའ་གནང་བའི་མཛད་སྒོ་དེ་པེ་ཅིང་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་སུ་སྤེལ་ཞིང་། ཐེངས་འདིའི་བྱ་དགའ་དཔྱད་འདེམ་གྱི་བྱ་འགུལ་དུ་བསྡོམས་པས་རྒྱལ་ཁབ་ཕྱི་ནང་གི་བོད་རིག་པའི་ཞིབ་འཇུག་དང་། ཆེད་མཁས་པ་དང་ཤེས་ཡོན་པའི་བརྩམས་ཆོས་རྣམ་གྲངས249འབྱོར་བ་དང་། མཐའ་མར་བྱ་དགའ་ཨང་དང་པོའི་རྣམ་གྲངས2དང་། ཨང་གཉིས་པའི་རྣམ་གྲངས7། ཨང་གསུམ་པའི་རྣམ་གྲངས10བཅས་བདམས་ཐོན་བྱུང་། དེར་བོད་རང་སྐྱོང་ལྗོངས་ཀྱི《གསོ་རིག་རྒྱུད་བཞིའི་འགྲེལ་ཆེན》ལ་དམིགས་བསལ་བྱ་དགའ་ཐོབ་ལ། མ་ཟད། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལས་རིགས་སུ་བྱས་རྗེས་ཆེན་པོ་བཞག་པའི་མིང་གྲགས་བོད་རིག་པའི་ཆེད་མཁས་རྡོ་རྗེ་སྐྱབས་དང་ཝུ་ཅུན་ནམ་ངག་དབང་ཆོས་གྲགས་སོགས་ལ་གཟེངས་རྟགས་བྱ་དགའ་ཐོབ།
      《གསོ་རིག་རྒྱུད་བཞིའི་འགྲེལ་ཆེན》ནི་མིང་དུ་གྲགས་པའི་བོད་ཀྱི་གསོ་རིག་པའམ་བོད་ལྗོངས་ཀྱི་གསོ་རིག་སློབ་གླིང་གི་གླིང་གཙོ་མཁས་དབང་ཁྲོ་རུ་ཚེ་རྣམ་གྱིས་བརྩམས་པ་དང་། བོད་ཀྱི་གསོ་རིག་གསོ་བཅོས་ལག་ལེན་དང་གཞུང་ལུགས་ཀྱི་ཉིང་བཅུད་གཅིག་ཏུ་སྒྲིལ་བའི་བོད་ཀྱི་གསོ་རིག་རིག་གཞུང་ཐད་དབང་གྲགས་ཆེ་བའི་མཁོ་དེབ་ཅིག་ཡིན། 1997ལོར་བོད་ལྗོངས་བོད་ཀྱི་གསོ་རིག་སློབ་གླིང་གིས་ཆེད་དུ་རྩ་འཛུགས་བྱས་ཤིང་དུས་ཡུན་ལོ་ལྔ་ལ་མཁས་དབང་ཁྲོ་རུ་ཚེ་རྣམ་གྱིས་བོད་ཀྱི་གསོ་རིག་ལག་ལེན་དང་ལོ་ངོ70ལྷག་གི་སློབ་ཁྲིད་སོགས་ཁྲོད་ཀྱི་རིག་གཞུང་བསམ་བློ་དང་གཞུང་ལུགས་གྲུབ་འབྲས། དཔེ་ཀློག་ཟིན་བྲིས་བཅས་གཅིག་ཏུ་ཕྱོགས་བསྡོམས་དང་ལེགས་སྒྲིག་བྱས་ཏེ《གསོ་རིག་རྒྱུད་བཞིའི་འགྲེལ་ཆེན》ཞེས་པའི་དཔེ་ཆ་འདི་གྲུབ་པ་ཡིན།
  • ལེ་ཚན་སྔོན་མ།:སེམས་ཀྱི་ཉི་ཟླ་རྫོང་གིས་ཤང་དང་གྲོང་རྡལ་གྱི་སྲིད་གྲོས་ལས་ཁང་བཙུགས་པ།
  • ལེ་ཚན་རྗེས་མ།:རྒྱལ་ཡོངས་ཀྱི་བོད་རིག་པའི་ལས་དོན་མཐུན་སྦྱོར་གྲོས་ཚོགས་ཐེངས་བཞི་པ་བསྡུས་པ།
  • དོ་སྣང་ཆེ་བའི་རྩོམ།