དབོན་ཞང་རྡོ་རིང་།

        2011-09-23

དབོན་ཞང་རྡོ་རིང་ནི་ལྷ་སའི་གཙུག་ལག་ཁང་གི་རྒྱལ་སྒོའི་མདུན་དེ་སྔོན་རྒྱ་བཟའ་ཝུན་ཁྲེན་ཀོང་ཇོས་བཙུགས་པར་གྲགས་པའི་རྒྱ་ལྕང་ཞིག་ཡིན་པ་དེའི་མཁྲིས་སུ་གནས་ཤིང་། རྡོ་རིང་དེའི་མཐོ་ཚད་ལ་སྤྱི་ཁྲེ་༤དང་གྲང་ཆུང་༧༨དང་ཞེང་ཚད་ལ་སྤྱི་ཁྲེ༠དང་གྲངས་ཆུང༩༥། མཐུག་ཚད་ལ་སྤྱི་ཁྲེ༠དང་གྲངས་ཆུང༥༠བཅས་ཡོད་པ་དང་། རྡོ་རིང་གི་རྩེ་མོར་ཆར་ཁེབས་དང་ཏོག་ཞབས་འོག་རྡོའི་རུས་སྦལ་གྱི་སྟེགས་བཅས་ཡོད། རྡོ་རིང་གི་ངོས་བཞི་ཀར་འོག་ཏུ་རྡོའི་རུས་སྦལ་གྱི་སྟེགས་བཅས་ཡོད། རྡོ་རིང་གི་ངོས་བཞི་ཀར་ཡི་གེ་བཀོད་ཅིང་། ཤར་ངོས་སུ་བོད་ཡིག་ཡིག་ཕྲེང་༧༡དང་ནུབ་ངོས་ཀྱི་གཡོན་དུ་བོད་ཡིག་ཡིག་ཕྲེང་༧༧དང་། གཡས་སུ་རྒྱ་ཡིག་ཡིག་ཕྲེང་༦། བྱས་ངོས་སུ་ཆིངས་འགྲིགས་ལ་ཞུགས་མཁན་བོད་ཕྱོགས་ཀྱི་དཔོན་རིགས་བཅུ་བདུན་གྱི་མིང་རྒྱ་བོད་ཤན་སྦྱར་དང་། ལྷོ་ངོས་སུ་ཆིངས་འགྲིག་ལ་ཞུགས་མཁན་རྒྱ་ཕྱོགས་ཀྱི་དཔོན་རིགས་བཅོ་བརྒྱད་ཀྱི་མིང་རྒྱ་བོད་ཤན་སྦྱར་བཅས་བཀོད་ཡོད།
བོད་རྒྱའི་དེབ་ཐེར་ཁག་ཏུ་འཁོད་པར་གཞིགས་ནས་བཙན་པོའི་དུས་སྐབས་སུ་རྒྱ་བོད་དབར་དུ་ཆིང་འགྲིག་ཐེབས་མང་བྱས་ཡོད་ཚོད་ཀྱང་ཆིངས་ཡིག་གི་ནང་དོན་ཡིག་ཐོག་འཁོད་པ་ནི་ཐེངས་གཉིས་ལས་མེད་པའི་དང་པོ་ནི་བོད་ཀྱི་བཙན་པོ་ཁྲི་སྲོང་ལྡེ་བཙན་དང་ཐང་རྒྱལ་རབས་ཀྱི་གོང་མ་ཏེ་ཙུང་གི་དུས་སུ་སྤྱི་ལོ་༧༨༣ལོར་བོད་རྒྱ་ཕྱོགས་གཉིས་པོས་ཕོ་ཉ་མངགས་ནས་རྒྱའི་ཆིང་ཧྲུའི་ཟེར་བའི་ས་ཆར་ཆིངས་འགྲིག་བྱས་པ་དེ་རེད། སྐབས་དེའི་ཆིངས་ཡིག་གི་ནང་དོན་རྒྱའི་ཡིག་ཚང་ཚེ་ཧྥུའུ་ཡོན་ཀའི་ཟེར་བའི་ནང་གསལ་ཡང་བོད་ཡིག་ཏུ་འཁོད་པ་མ་མཐོང་། ཐེངས་གཉིས་པ་ནི་འདིར་འཆད་རྒྱུའི་དབོན་ཞང་རྡོ་རིང་ཐོག་འཁོད་པ་སྟེ། དེ་ནི་བོད་ཀྱི་བཙན་པོ་ཁྲི་གཅིག་ལྡེ་བཙན་དང་ཐང་རྒྱལ་རབས་ཀྱི་གོང་མ་མུའི་ཙུང་གི་དུས་སུ་བོད་རྒྱ་ཕྱོགས་གཉིས་པོས་ཕོ་ཉ་མངགས་ནས་བཙན་པོ་ཁྲི་རལ་པ་ཅན་གྱི་ཁྲི་ལོ་བདུན་པ་ལྕགས་གླང་༨༢༡ལོར་ཐང་གི་རྒྱལ་ས་ཁྲང་ཨན་དང་། ཆུ་སྟག་༨༢༢ལོར་བོད་ཀྱི་ལྷ་ས་སོ་སོར་སྔ་རྗེས་སུ་ཆིངས་འགྲིག་བྱས་པ་མ་ཟད། བཙན་པོ་ཁྲི་རལ་པ་ཅན་གྱི་ཁྲི་ལོ་དགུ་པ་ཆུ་ཡོས་༨༢༣ལོར་ལྷ་ས་ཆིངས་ཡིག་གི་ནང་དོན་རྡོ་རིང་ལ་བཀོད་དེ་གཙུག་ལག་ཁང་གི་མདུན་དུ་བཙུགས་ཡོད།
ཐང་གི་རྒྱལ་ས་ཁྲང་ཨན་དུའང་རྡོ་རིང་དེ་འདྲ་ཞིག་བཙུགས་པར་འཁོད་ཀྱང་ད་ལྟ་བསྡད་མེད། རྡོ་རིང་གི་ཡི་གེའི་ནང་དུ་དེ་སྔོན་སྲོང་བཙན་སྒམ་པོ་དང་ཁྲི་ལྡེ་གཙུག་བཙན་རྒྱལ་ཐོག་གཉིས་ཀྱི་སྐབས་སུ་ཐང་རྒྱལ་རབས་ཝུན་ཁྲེན་ཀོང་ཇོ་དང་ཀིམ་ཤིང་ཀོང་ཇོ་གཉིས་སྔ་རྗེས་སུ་བཙན་པོའི་ཇོ་མོར་བསུས་ནས་བོད་རྒྱ་གཉེན་འབྲེལ་ཏེ་དོབན་ཞང་དུ་གྱུར་བའི་ལོ་རྒྱུས་དོན་ཆེན་ལ་དྲན་གསོ་དང་། ཐང་བོད་གཉིས་སྔར་ནས་ཆབ་སྲིད་གཅིག་ཏུ་མོལ་ཏེ་བོད་རྒྱ་མི་རིགས་དབར་མཛའ་མཐུན་དམ་ཟབ་ཀྱི་འབྲེལ་བ་ཆགས་པ་མ་ཟད། ཐ་ན་སྐབས་རེ་མཐའ་མཚམས་སོ་བློན་གྱིས་ས་ཆ་ཆ་ཤས་སུ་དམག་འཁྲུག་བསླངས་ནས་ཟིང་ཆ་བྱུང་བའི་སྐབས་ཀྱང་ཕན་ཚུན་འགྲོ་འོང་རྒྱུན་མི་ཆད་པའི་མཛའ་བཤེས་འབྲེལ་བར་ནན་བཤད་བྱས་པ་ཕྱོགས་གཉིས་ཀས་དུས་གཏན་དུ་འཁོན་རྩོད་ཞི་བར་བྱས་ནས་གཉེན་རྙིང་བའི་སྲི་ཞུ་དང་དེ་སྔའི་ཁྱིམ་མཚེས་དགྱེས་པའི་ཚུལ་སླར་དུ་བརྩེགས་ཏེ་རབས་ཁྲིར་སྐྱིད་པའི་མཇལ་དུམ་ཆེན་པོ་མཛད་པ་དེ་བོད་རྒྱ་མི་རིགས་གཉིས་པོའི་མི་དམངས་ཀྱི་རེ་འདོད་དང་བསམ་འདུན་མཚོན་པར་གསལ་བཤད་བྱུང་བ་མཚོན་པའི་ལོ་རྒྱུས་ཀྱི་དཔང་རྟགས་གནད་ཆེ་བ་ཞིག་རེད།
 རྩོམ་སྒྲིག་པ་ཨོ་རྒྱན་དོན་གྲུབ།
  • ལེ་ཚན་སྔོན་མ།:བོད་ཀྱི་ཕོ་བྲང་སྔ་ཤོས་ཡུམ་བུ་བླ་སྒང་།
  • ལེ་ཚན་རྗེས་མ།:སྐུ་འབུམ་བྱམས་པ་གླིང་།
  • དོ་སྣང་ཆེ་བའི་རྩོམ།