བོད་ཀྱི་ཕོ་བྲང་སྔ་ཤོས་ཡུམ་བུ་བླ་སྒང་།

        2011-09-13

བོད་ཀྱི་ཕོ་བྲང་སྔ་ཤོས་ཡུམ་བུ་བླ་སྒང་ནི་བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་གི་ཉེ་འདབས་ཏེ་ཡར་ཀླུང་གི་རི་ཚོགས་དཀྱིལ་དུ་ཀྲོང་ངེར་འགྱིང་།དེ་ནི་རྒྱལ་པོ་གཉའ་ཁྲི་བཙན་པོ་བཞུགས་སར་ཆེད་དུ་བཞེངས་པའི་ཕོ་བྲང་ཞིག་ཡིན།ཐོག་ས་སུམ་བརྩེགས་ཡོད་པའི་ཕོ་བྲང་དེའི་སྟེང་ཐོག་ནི་ལྷ་ཁང་ཡིན་ལ།ཕྱོགས་བཞིའི་སྐྱ་ལྡེབས་སུ་སྒྲུང་དང་རྣམ་ཐར།ཕོ་བྲང་བཞེངས་སྐབས་ཀྱི་གནས་ཚུལ་མཚོན་པའི་རི་མོ་རྣམས་བྲིས་ཡོད།གནའ་དུས་ཡུམ་བུ་བླ་སྒང་གི་གཤམ་དུ་ད་དུང་མཆོད་རྟེན་དཀར་པོ་སོགས་ཡོད་ཀྱང་དེང་སང་དེ་དག་ཤུལ་མེད་དུ་གྱུར།ཡར་ཀླུང་ས་ཁུལ་ནི་སངས་རྒྱས་ཆོས་ལུགས་དར་སྔ་ཤོས་ཀྱི་ས་ཁུལ་ཞིག་ཡིན་ལ།བཤད་ཚུལ་ལྟར་ན་དེར་ནམ་མཁའ་ནས་གསེར་གྱི་མཆོད་རྟེན་ཁྲུ་གང་པོ་དང་མདོ་སྡེ་ཟ་མ་ཏོག་ཡིད་བཞིན་ནོར་བུ་སོགས་ཉི་མའི་འོད་ཟེར་དང་འགྲོགས་ཏེ་རྒྱལ་པོའི་ཕོ་བྲང་གི་སྟེང་དུ་བབས་ཤིང་།བོད་རྒྱལ་གདུང་རབས་ཉེར་བརྒྱད་པས་ཁྱད་ནོར་དེ་དག་ཕོ་བྲང་གི་དཀོར་ཁང་དུ་མཆོད་པ་དང་བཅས་བཞུགས་སུ་གསོལ་བར་གྲགས།(རྩོམ་སྒྲིག་པ་བདེ་ཆེན་དབང་མོ།)
  • ལེ་ཚན་སྔོན་མ།:གནའ་བོའི་ཇ་འདྲེན་རྡལ་ལམ།
  • ལེ་ཚན་རྗེས་མ།:དབོན་ཞང་རྡོ་རིང་།
  • དོ་སྣང་ཆེ་བའི་རྩོམ།