ལེའུ་བདུན་པ། ཕག་གྲུའི་སྲིད་སྐྱོང་དུས་རབས།
ཐུབ་བསྟན་ཕུན་ཚོགས། 2010-09-08
ལེའུ་བདུན་པ། ཕག་གྲུའི་སྲིད་སྐྱོང་དུས་རབས།
ས་བཅད་དང་པོ། སྡེ་སྲིད་ཕག་མོ་གྲུ་པས་བོད་ཡོངས་ལ་དབང་སྒྱུར་བྱས་པ།
གཅིག རླངས་ཀྱི་གདུང་རྒྱུད་བྱུང་ཚུལ་དང་དེ་ལ་ཕག་གྲུའི་མིང་ཐོགས་ཚུལ།
དེ་ཡང་རླངས་ཀྱི་པུ་ཏི་བསེ་རུ་ལས། དང་པོ་འཇིག་རྟེན་ཆགས་པའི་དུས་ནས་ས་ཆུ་མེ་རླུང་སྟེ་འབྱུང་བ་ལྔའི་སྙིང་པོ་ཚོགས་པ་ལ་བརྟེན་ནས་དུང་སྒོང་ཞིག་བྱུང་བར་རིམ་བཞིན་དབང་པོ་གཟུགས་ཅན་པ་ལྔ་དོད་ནས་ཁྱེ ་མཚར་སྡུག་ལྡན་པ་ཞིག་བྱུང༌། དེ་ལ་ཡེ་སྨོན་རྒྱལ་པོ་ཞེས་བྱ་བ་བཏགས་པ་ལས་རིམ་པར་བརྒྱུད་དེ་ལྡོང་གི་རུས་ཆེན་བཅོ་བརྒྱད་དང༌།
འབྲས་དཀར་ནག་ཁྲ་གསུམ། བོད་མི ་གདུང་དྲུག་གི་ནང་གསེས་སེ་ཁྱུང་དབྲའི་རྒྱུད་པ་ནས་མི་རབས་ལྔ་པར་གནམ་ལྷ་མཆེད་བརྒྱད་ཅེས་བྱ་བ་བྱུང་བར་གྲགས། གནམ་ལྷ་མཆེད་བརྒྱད་ནང་གི་མང་ལྡོམ་སྟག་བཙན་དང༌། གནམ་སྨན་མའམ། ཚངས་སྲས་ལྷ་མོ་འདུས་པར་ཁྱེ ་ངོ་མཚར་ཅན། སྤྱི་བོའི་གཙུག་ན་དུང་ལྟར་དཀར་བའི་རླངས་པ་ཡོད་པ་ཞིག་འཁྲུངས་པ་དེ་ཡབ་མང་ལྡོམ་སྟག་བཙན་གྱིས་གཟིགས་ནས་རབ་ཏུ་དགའ་སྟེ་རླངས་སོ། ། རླངས་སོ། ། རླངས་སོ་བྱས་པས་ཁྱེ ་དེའི་མིང་ལ་ལྷ་རིགས་འཕན་པོ་ཆེ་རླངས་ཞེས་བཏགས་པར་གྲགས་པ་དེ་ནས་མི་རབས་རིམ་པར་གྱེས་པ་ལ་རླངས་ཀྱི་གདུང་རྒྱུད་ཅེས་བྱའོ། ། ལྷ་རིགས་འཕན་པོ་ཆེ་རླངས་ནས་མི་རབས་ཉི་ཤུ་སོང་རྗེས་མདོ་ཁམས་སུ་རླངས་གཉན་ཐོག་ཨ་ཁྲོམ་གྱི་གདུང་རྒྱུད་ཡོན་ཆེན་རྒྱལ་བ་སྐྱབས་ཀྱི་སྲས་སུ་སྤྱན་སྔ་གྲགས་པ་འབྱུང་གནས་འཁྲུངས་པ་དེས། ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོའི་དངོས་སློབ་འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོ་བླ་མར་བསྟེན་པ་དང༌། སྐྱོབ་པ་འཇིག་རྟེན་མགོན་པོའི་བཀའ་ལྟར་ཕག་མོ་གྲུ་པའི་གདན་ས་ཐེལ་གྱི་བླ་མ་མཛད་པ་དེ་ནས་བཟུང་ལྷ་རིགས་རླངས་ཀྱི་གདུང་རྒྱུད་ཀྱིས་དཔལ་ཕག་མོ་གྲུ་པའི་གདན་ས་འཛིན་སྐྱོང་གནང་བས་ཆོས་བརྒྱུད་དང༌། རུས་རྒྱུད་ཀྱི་མིང་གཅིག་ཏུ་འདྲེས་ཏེ་ཕག་གྲུ་རླངས་ཀྱི་གདུང་རྒྱུད་ཅེས་པ་དེ་བྱུང་ངོ༌། ། ཕག་མོ་གྲུ་པ་ཞེས་པ་ནི་མཉམ་མེད་དྭགས་པོ་རིན་པོ་ཆེའི་དངོས་སློབ་བུ་ཆེན་རྣམས་ཀྱི་འཕྲིན་ལས་ནས་བྱུང་བའི་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་དུ་གྲགས་པའི་ཆེ་བ་བཞིའི་ཡ་གྱལ་ཕག་གྲུ་བཀའ་བརྒྱུད་ཅེས་པ་དེའི་ཤིང་རྟའི་སྲོལ་འབྱེད་པ་པོའི་མཚན་ཡིན་ཞིང༌། དེའི་མཚན་ཡོངས་རྫོགས་ལ་ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོ་ཞེས་ཟེར། ཁོང་ནི་རབ་བྱུང་གཉིས་པའི་ལྕགས་སྟག་སྤྱི་ལོ་1110ལོར་མདོ་ཁམས་སྡེ་དགེའི་མངའ་ཁོངས་རྨེ་ཤོད་སྟག་ངོས་སབ་ཁང་ཞེས་པའི་ཡུལ་དུ་དབས་ཀྱི་རིགས་སུ་སྐུ་འཁྲུངས། ཆུང་དུས་ནས་སློབ་གཉེར་གནང་ཚུལ་དང༌། བླ་མ་བསྟེན་ཚུལ། དཀའ་སྤྱད་གནང་ཚུལ། གྲུབ་པ་བརྙེས་ཚུལ་གྱི་རྣམ་ཐར་རྒྱས་པ་མཁས་པའི་དགའ་སྟོན་ན་གསལ་བས་འདིར་མ་བཀོད། དགུང་ལོ་ཉི་ཤུའི་ལོར་དབུས་སུ་ཕེབས། ཞེ་གཅིག་པར་མཉམ་མེད་དྭགས་པོ་རིན་པོ་ཆེ་དང་མཇལ། ཞེ་དགུ་པ་རབ་བྱུང་གསུམ་པའི་ས་སྟག་སྤྱི་ལོ་1158ལོར་ཕག་གྲུའི་གདན་ས་ཐེལ་བཏབ་སྟེ་མཉམ་མེད་དྭགས་པོའི་གདམས་ངག་གཙོ་བོར་གྱུར་པའི་མདོ་སྔགས་ཀྱི་གཞུང་ལུགས་དུ་མ་ལ་འཆད་ཉན་རྒྱ་ཆེར་མཛད་ཅིང་སྤེལ་བའི་རང་ལུགས་ཐུན་མོང་མིན་པ་དེ་ལ་ཕག་གྲུ་བཀའ་བརྒྱུད་ཅེས་བྱ་བའི་གྲུབ་མཐའི་མཚན་ཐོགས་ཤིང༌། རབ་བྱུང་གསུམ་པའི་ལྕགས་སྟག་སྤྱི་ལོ་1170དགུང་ལོ་རེ་གཅིག་པའི་སྐབས་སུ་སྐུ་གཤེགས། ཕག་གྲུའི་གདན་ས་དང་ཆོས་བརྒྱུད་འཛིན་ཅིང་རླངས་ཀྱི་གདུང་དང་ཕག་གྲུའི་ཆོས་བརྒྱུད་གཅིག་ཏུ་འཛིན་པ་པོ་སྤྱན་སྔ་གྲགས་པ་འབྱུང་གནས་ནི། ཡབ་རླངས་ཀྱི་གདུང་རྒྱུད་ཡོན་ཆེན་རྒྱལ་བ་སྐྱབས་ཀྱིས་འབྲོ་ལྡོག་བཟའ་ཁུ་བྱུག་སྨན་དང༌། དེ་གུ་མ་གཉིས་ཁབ་ཏུ་བཞེས་པ་ལས། འབྲོ་ལྡོག་བཟའ་ལ་སྤྱན་སྔ་གྲགས་པ་འབྱུང་གནས། དཔོན་སངས་རྒྱས་སྐྱབས། ཤེས་རབ་རྒྱལ་མཚན། དེ་གུ་མ་ལ་སྲས་མགོན་པོ་རྒྱལ་མཚན་དང་བཞི་འཁྲུངས་པའི་དང་པོ་སྤྱན་སྔ་གྲགས་པ་འབྱུང་གནས་མཆོག་སྤྱི་ལོ་1175པ་རབ་བྱུང་གསུམ་པའི་ཤིང་ལུག་ལོར་འཁྲུངས་ཤིང༌། འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོར་ལོ་བཅུ་བདུན་ཙམ་བསྟེན་རིང་བླ་མའི་སྐུ་དང་འབྲལ་བ་མེད་པའི་ཉེ་གནས་ལྟ་བུ་གནང་བས་སྤྱན་སྔ་པ་ཞེས་བྱ་བའི་མཚན་ཐོགས་པ་ཕྱིས་རླངས་ཀྱི་གདུང་རྒྱུད་ཀྱིས་ཐེལ་གྱི་གདན་ས་འཛིན་པ་རྣམས་དང༌། འབྲི་གུང་པའི་བླ་མའི་མཚན་གནས་ལྟ་བུར་གྱུར་ནས་སྤྱན་སྔ་ཞེས་འབོད་སྲོལ་བྱུང༌། སྤྱན་སྔ་གྲགས་པ་འབྱུང་གནས་དགུང་ལོ་སོ་བཞི་པར་འབྲི་གུང་སྐྱོབ་པས་བསྔགས་བརྗོད་དང་བཅས་ཕག་མོ་གྲུ་པའི་གདན་ས་འཛིན་པར་བཏང༌། དགུང་ལོ་དོན་གཉིས་པར་འབྲི་གུང་གི་གདན་ས་ཡང་སྐྱོང་གནང་མཛད། སྤྱན་སྔ་གྲགས་པ་འབྱུང་གནས་ཀྱིས་འབྲི་གུང་གི་གདན་ས་འཛིན་སྐྱོང་གནང་བའི་སྐབས་ཧོར་གྱི་རྒྱལ་པོ་གོ་དན་གྱིས་དམག་དཔོན་དོར་རྟ་ནག་པོ་བོད་དུ་འབྱོར་སྐབས།
སྣེ་ལེན་གང་ལེགས་མཛད་དེ་བོད་ཡོངས་ལ་སོག་དམག་གི་རྩུབ་སྤྱོད་ཀྱི་འཇིགས་པ་མི་འབྱུང་བ་ལ་ཕན་ཐོགས་ཆེན་པོར་བྱུང༌། མཐར་དགུང་ལོ་གྱ་གཅིག་པ་རབ་བྱུང་བཞི་པའི་ཤིང་ཡོས་སྤྱི་ལོ་1255ལོར་སྐུ་གཤེགས་སོ།