ལེའུ་བདུན་པ། ཕག་གྲུའི་སྲིད་སྐྱོང་དུས་རབས།(2)
ཐུབ་བསྟན་ཕུན་ཚོགས། 2010-09-08
གཉིས། ཕག་གྲུའི་ཁྲི་དཔོན་གྱི་ལོ་རྒྱུས་མདོར་བསྡུས།
དེ་ཡང་དེབ་ཐེར་《གཡུ་ཡི་ཕྲེང་བ་》ལས། རྒྱལ་བ་རིན་པོ་ཆེ་གྲགས་པ་བརྩོན་འགྲུས་སམ་རྒྱལ་བ་ཐོག་རྡུགས་པ་ནི། ཕག་གྲུ་དཔོན་སངས་རྒྱས་སྐྱབས་ལ་སྲས་གྲགས་པ་བརྩོན་འགྲུས་དང༌། བཅུ་གཉིས་རྙིང་མ་རིན་ཆེན་རྡོ་རྗེ། གཏེར་རྒྱབ་པ། རིན་པོ་ཆེ་རྡོར་རིན་པ་བཅས་བཞི་འཁྲུངས་པ་ལས། གྲགས་པ་བརྩོན་འགྲུས་ནི། སྤྱི་ལོ་1203རབ་བྱུང་གསུམ་པའི་ཆུ་ཕག་ལོར་འཁྲུངས། དགུང་ལོ་སོ་གསུམ་པར་ཕེབས་སྐབས་ཐེལ་གྱི་གདན་ས་མཛད་དེ་ཚོགས་པ་ལོ་སུམ་ཅུ་སོ་གསུམ་ཙམ་ལ་བསྐྱངས། འདིའི་གོང་ཕག་མོ་གྲུ་པ་ལ་དད་འབུལ་པའི་ཞིང་འབྲོག་གི་འབབ་ཡོང་ཙམ་ལས་གཞུང་འཛིན་དབང་བདག་གི་ཆོས་གཞིས་སོགས་དམིགས་གསལ་མེད་རུང༌། རྒྱལ་བ་རིན་པོ་ཆེའི་སྐབས་ཕག་གྲུ་རང་ལ་ཕུལ་པའི་ཞིང་འབྲོག་གི་ཐོག་ཧོར་གྱི་རྒྱལ་བུ་ཧུ་ལ་ཧུར་གཏོགས་པའི་བོད་ཁུལ་ས་ཁང་མི་གསུམ་གྱི་དབང་རིས་རྣམས་གོང་མའི་ལུང་གིས་ཕག་མོ་གྲུ་པས་བདག་ཐོབ་བྱས་ཆོག་པ་བྱུང་བ་བཞིན་ཐོག་མར་ལྡན་མ་སྒོམ་བརྩོན་གྱིས་འབྲི་གུང་དང༌། ཕག་གྲུའི་སྤྱི་དཔོན་བྱས་ཤིང༌། དེ་རྗེས་དཔོན་རྡོ་རྗེ་དཔལ་ཧོར་གོང་མའི་ལུང་གིས་ཕག་གྲུའི་ཁྲི་དཔོན་དུ་བསྐོས་པ་ཁོང་སྔ་རྗེས་སུ་གོང་མའི་མདུན་སར་ལན་གསུམ་བྱོན་ཞིང༌། ཕོ་བྲང་སྒང་དང༌། ཚོང་འདུས་བྲག་ཁ་སོགས་གཞིས་ཀ་བཅུ་གཉིས་བརྩིགས་པ་བཅས་ཕག་མོ་གྲུ་པའི་མངའ་ཐང་འཕེལ་རྒྱས་ཀྱི་འགོ་དོད་པར་མ་ཟད།
གཞིས་ཀ་བརྩིགས་པ་འདི་ནི་བོད་དུ་གཞིས་ཀའི་ལམ་ལུགས་འཕེལ་རྒྱས་བྱུང་བའི་མཚོན་རྟགས་ཤིག་ཡིན། འོན་ཀྱང་གཡའ་བཟང་པ་དང་པོར་རྒྱལ་བུ་ཧུ་ལ་ཧུའི་དུས་སུ་ཕག་གྲུའི་སྟོང་སྐོར་གྱི་ཁོངས་སུ་གཏོགས་ཀྱང༌། ལྡན་མ་སྒོམ་བརྩོན་གྱི་དུས་གཡའ་བཟང་པ་ཟུར་དུ་ཐོན་ནས་མོན་ལུག་མགོ་སྟེང་ཚུན་ཆད་གཡའ་བཟང་པ་ལ་ཤོར་པ་ཕག་གྲུས་དཔུང་ཤེད་ཀྱིས་བླངས་པ་དེ་ནས་གཡའ་ཕག་བར་གྱི་འགལ་བ་རིམ་བཞིན་རྣོ་ངར་ཅན་དུ་གྱུར།
མདོར་ན་རྒྱལ་བ་རིན་པོ་ཆེ་གྲགས་པ་བརྩོན་འགྲུས་ཀྱི་དུས་སུ་ཕག་གྲུའི་མངའ་ཐང་འཕེལ་རྒྱས་སོང་བར་མ་ཟད། གོང་མའི་ལུང་དང་ལག་རྟགས་ཡོད་པའི་ཁྲི་སྐོར་གྱི་གྲས་ཤིག་ཏུ་གྱུར་པ་བཅས་མཐར་དགུང་ལོ་རེ་ལྔ་པ་སྤྱི་ལོ་1267རབ་བྱུང་ལྔ་པའི་མེ་ཡོས་ཟླ་བ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་ཉིན་སྐུ་གཤེགས། བཅུ་གཉིས་རྙིང་མ་རིན་ཆེན་རྡོ་རྗེ་ནི། སྤྱི་ལོ་1218རབ་བྱུང་བཞི་པའི་ས་སྟག་ལོར་འཁྲུངས་ཤིང༌། དགུང་ལོ་ལྔ་བཅུ་བ་མེ་ཡོས་ལོར་ཐེལ་གྱི་གདན་སར་ཕེབས་ཏེ་ཚོགས་པ་ལོ་བཅུ་བཞིའི་རིང་བསྐྱངས་མཐར་དགུང་ལོ་དྲུག་ཅུ་རེ་གསུམ་པ་སྤྱི་ལོ་1280རབ་བྱུང་ལྔ་པའི་ལྕགས་འབྲུག་ཟླ་བ་བཅུ་གཉིས་པའི་ཚེས་བཅུ་གཉིས་ལ་སྐུ་གཤེགས། བཅུ་གཉིས་རིན་པོ་ཆེའི་དུས་ཁྲི་དཔོན་རྡོ་རྗེ་དཔལ་གྲོངས་ནས་ཁོང་གི་གཅུང་པོ་གཞོན་ནུ་རྒྱལ་མཚན་ཁྲི་དཔོན་གྱི་གོ་སར་བསྐོས། ཁོང་འདས་རྗེས་ལྷོ་བྲག་གཤོང་སྡེའི་མཁན་པོ་རིན་རྒྱལ་བས་སེ་ཆེན་གོང་མའི་ལུང་བཞིན་ཁྲི་དཔོན་ལོ་གཉིས་བྱས་པ་དང༌།
དེ་རྗེས་ཡར་འབྲོག་ཆུ་རྒྱུད་མཁར་པའི་བྱང་གཞོན་སེ་ཆེན་གོང་མའི་ལུང་གིས་ཁྲི་དཔོན་དུ་བསྐོས་པ་བཅས་ཁྲི་དཔོན་འདི་གསུམ་ག་བག་མེད་སྤྱོད་པའི་དབང་དུ་སོང་སྟེ་ཕག་མོ་གྲུ་པའི་སྡེ་ཚུགས་ལ་ཕན་པ་ཞིག་བྱུང་མེད། དེ་རྗེས་ཀྱི་སྤྱན་སྔ་གཅེན་གྲགས་པ་ཡེ་ཤེས་ནི། ཕག་གྲུ་དཔོན་མགོན་པོ་རྒྱལ་མཚན་གྱི་སྲས་ཁྲོ་བོ་འཕན། དེའི་སྲས་རིན་ཆེན་ཤེས་རབ། གྲགས་པ་ཡེ་ཤེས། གཅུང་རྒྱ་བོའམ་གཉིས་མཆོད་པ་གྲགས་པ་རིན་ཆེན། རིན་ཆེན་སྐྱབས་དང་བཞི་འཁྲུངས་པ་ལས། གྲགས་པ་ཡེ་ཤེས་ནི་སྤྱི་ལོ་1240རབ་བྱུང་བཞི་པའི་ལྕགས་བྱི་ལོར་འཁྲུངས་ཤིང༌། དགུང་ལོ་ཞེ་གཉིས་པ་ལྕགས་སྦྲུལ་ལོར་ཐེལ་གྱི་གདན་སར་ཕེབས་ནས་ཚོགས་པ་ལོ་བརྒྱད་བསྐྱངས་མཐར་དགུང་ལོ་ཞེ་དགུ་པ་སྤྱི་ལོ་1288རབ་བྱུང་ལྔ་པའི་ས་བྱི་ཟླ་བ་ལྔ་པའི་ཚེས་བཅུ་བརྒྱད་ཉིན་སྐུ་གཤེགས། གྲགས་པ་ཡེ་ཤེས་འདིའི་དུས་ཕག་གྲུའི་ཁྲི་དཔོན་གཞོན་ནུ་ཡོན་ཏན་གྱིས་བྱས་ལ་དེ་ནི་ནག་ཆང་ཁོ་ནའི་་དབང་དུ་ཤོར་པས་ཕག་གྲུའི་མངའ་ཐང་འཕེལ་རྒྱས་ལྟ་ཅི་ཉམས་རྒུད་དུ་གྱུར་པར་གྲགསཕག་གྲུ་གཅུང་རྒྱ་བོའམ། གཉིས་མཆོད་པ་གྲགས་པ་རིན་ཆེན་ནི། སྤྱི་ལོ་1250རབ་བྱུང་བཞི་པའི་ལྕགས་ཁྱི་ལོར་འཁྲུངས་ཤིང༌།
དགུང་ལོ་བཞི་བཅུ་པ་ས་གླང་ལ་ཐེལ་གྱི་གདན་སར་ཕེབས་པའི་སྐབས་སེ་ཆེན་རྒྱལ་པོའི་ཏི་ཤྲི་གྲགས་པ་འོད་ཟེར་དང༌། རྒྱལ་པོ་ཐེ་མུར་བོ་ག་གཉིས་ཀྱིས་ཁོང་ལ་ཕག་གྲུའི་ཁྲི་དཔོན་གྱི་འཇའ་ས་དང༌། སྟག་མགོ་ཅན་གྱི་དམ་ཁ་གནང་བས་ཁྲི་དཔོན་ཟུར་དུ་མ་བསྐོས་པ་བླ་དཔོན་སྦྲགས་མར་མཛད་དེ་ཕག་གྲུའི་དབང་ཆ་བར་སྐབས་གཞན་ཤོར་རྣམས་ཕྱག་རྫས་ཀྱིས་བླུ་ཐུབ་པས་ཕག་གྲུ་ཁྲི་སྐོར་ལ་ཕན་པ་ཆེན་པོ་བྱུང་བར་གྲགས་པ་བཅས་ཆོས་སྲིད་ཀྱི་མཛད་པ་ལོ་ཉེར་གཉིས་བསྐྱངས་མཐར་དགུང་ལོ་དྲུག་ཅུ་རེ་གཅིག་པ་སྤྱི་ལོ་1310རབ་བྱུང་ལྔ་པའི་ལྕགས་ཁྱི་ཟླ་བ་གཉིས་པའི་ཚེས་ཉེར་གཉིས་ཉིན་སྐུ་གཤེགས། ཚེས་བཞི་རིན་པོ་ཆེ་གྲགས་པ་རྒྱལ་མཚན་ནིདཔོན་རིན་ཆེན་སྐྱབས་ཀྱིས་ཇོ་མོ་གཉིས་ཁབ་ཏུ་བཞེས་པའི་ཞང་ལྕམ་མར་སྲས་རྒྱལ་མཚན་བཟང་པོ་དང༌། ཚེས་བཞི་རིན་པོ་ཆེ་གྲགས་པ་རྒྱལ་མཚན། གྲགས་པ་བཟང་པོ་བཅས་དང༌། འབུམ་སྐྱིད་མར་སྲས་ཏཱ་སི་བྱང་ཆུབ་རྒྱལ་མཚན། བཅུ་གཉིས་རིན་པོ་ཆེ་གྲགས་པ་ཤེས་རབ། བསོད་ནམས་བཟང་པོ་བཅས་སྲས་དྲུག་འཁྲུངས་པ་ལས་ཚེས་བཞི་རིན་པོ་ཆེ་གྲགས་པ་རྒྱལ་མཚན་ནི་སྤྱི་ལོ་1293ལོ་རབ་བྱུང་ལྔ་པའི་ཆུ་སྦྲུལ་ལོར་འཁྲུངས་ཤིང༌།
དགུང་ལོ་བཅོ་བརྒྱད་པ་ལྕགས་ཁྱི་ལོར་ཐེལ་གྱི་གདན་སར་ཕེབས་ནས་ཚོགས་པ་ལོ་སུམ་ཅུ་སོ་བཞི་བསྐྱངས་མཐར་དགུང་ལོ་རེ་བརྒྱད་པ་སྤྱི་ལོ་1360རབ་བྱུང་དྲུག་པའི་ལྕགས་བྱི་ཟླ་བ་བཅུ་གཉིས་པའི་ཚེས་གསུམ་ཉིན་སྐུ་གཤེགས་ཀྱང་ཚེས་བཞི་པར་གྲགས་ཞེས་ལྷོ་རོང་ཆོས་འབྱུང་དུ་གསལ། གྲགས་པ་རྒྱལ་མཚན་འདིའི་དུས་སློབ་དཔོན་རྒྱལ་མཚན་བཟང་པོས་ཧོར་གོང་མའི་དྲུང་དུ་ཕྱིན་ཏེ་ལུང་དང་ལག་རྟགས་ཞུས་ཐོབ་ཀྱི་ཁྲི་དཔོན་ལོ་བདུན་དང༌། དེ་རྗེས་རྒྱལ་མཚན་སྐྱབས་ཟེར་བས་ཁྲི་དཔོན་ལོ་ལྔ་བཅས་རིམ་པར་བྱས་ཀྱང༌། ཁོང་ཚོས་ཕག་གྲུའི་སྡེ་འཛིན་ཚུགས་ལ་ཕན་པ་ཞིག་བྱུང་མེད། བཅུ་གཉིས་གསར་མ་གྲགས་པ་ཤེས་རབ་ནི། སྤྱི་ལོ་1310རབ་བྱུང་ལྔ་པའི་ལྕགས་ཁྱི་ལོར་འཁྲུངས་ཤིང༌། དགུང་ལོ་ང་གཅིག་པ་ལྕགས་བྱི་ལ་གདན་སར་ཕེབས་པ་ནས་ཚོགས་པ་ལོ་བཅུ་གཉིས་བསྐྱངས་ཏེ་དགུང་ལོ་དྲུག་ཅུ་རེ་གཅིག་པ་སྤྱི་ལོ་1370རབ་བྱུང་དྲུག་པའི་ལྕགས་ཁྱི་ཟླ་བ་དགུ་པའི་ཚེས་བཅུ་གཉིས་ཉིན་སྐུ་གཤེགས།