ལེའུ་བདུན་པ། ཕག་གྲུའི་སྲིད་སྐྱོང་དུས་རབས།(3)
ཐུབ་བསྟན་ཕུན་ཚོགས། 2010-09-08
གསུམ། ཕག་གྲུའི་བྱང་ཆུབ་རྒྱལ་མཚན་གྱིས་བོད་ཡོངས་ལ་དབང་སྒྱུར་བྱས་པ།
ཏཱའི་སི་ཏུ་བྱང་ཆུབ་རྒྱལ་མཚན་ནི། རབ་བྱུང་ལྔ་པའི་ཆུ་སྟག་སྤྱི་ལོ་1302ལོར་འཁྲུངས་ཤིང༌། དགུང་ལོ་གསུམ་པ་ནས་ཡི་གེ་འབྲི་ཀློག་སློབ་འགོ་ཚུགས། དགུང་ལོ་བདུན་པར་སྤྱན་སྔ་ཚེས་བཞི་པའི་མདུན་དུ་དགེ་བསྙེན་གྱི་སྡོམ་པ་ཞུས་ཏེ་མཚན་བྱང་ཆུབ་རྒྱལ་མཚན་ཞེས་གསོལ། དགུང་ལོ་བཅུ་བཞི་པར་ས་སྐྱ་ལ་སློབ་གཉེར་དུ་ཕེབས་ཏེ། བདག་ཉིད་ཆེན་པོ་བཟང་པོ་དཔལ་པ་དང༌། བླ་མ་མཉམ་མེད་པ་སོགས་བསྟེན་ནས་རྒྱུད་བརྟག་གཉིས་ལ་སོགས་པའི་གཞུང་ལུགས་ཁག་ལ་ཐོས་བསམ་གནང་བས་མཁས་པར་གྱུར། ལོ་ལྔ་ཙམ་བཞུགས་པའི་རྗེས་སུ་ས་སྐྱའི་དགེ་བཤེས་ཀྱི་མཚན་སྙན་ཐོབ་པ་དང༌། བདག་ཉིད་ཆེན་པོ་བཟང་པོ་དཔལ་པའི་དམ་གཉེར་གྱི་ལས་ཚན་ཡང་རེ་ཞིག་གནང༌། དེའི་དུས་སུ་བོད་ཀྱི་ཁྲི་དཔོན་ཁག་དང༌།
མི་དཔོན་སོགས་ཀྱི་བུ་ཕྲུག་མང་པོ་ས་སྐྱར་སློབ་གཉེར་ལ་ཕྱིན་པ་རྣམས་ཀྱི་ནང་ནས་བྱང་ཆུབ་རྒྱལ་མཚན་ནི། བདག་ཉིད་ཆེན་པོ་བཟང་པོ་དཔལ་ལ་སོགས་བླ་མ་རྣམས་ཀྱིས་ཐུགས་རྩིས་ཆེ་ཤོས་ཤིག་ཏུ་གྱུར། དེས་ན་ས་སྐྱར་བཞུགས་རིང་ཆོས་ཀྱི་གཞུང་ལ་མཁས་པ་ཁོ་ན་ཙམ་མ་ཟད། སྲིད་དོན་སྐྱོང་བ་ལ་མཁོ་བའི་ཡོན་ཏན་མང་པོ་ཡང་སྦྱོང་བརྩོན་གནང་བའི་གོ་སྐབས་བཟང་པོ་ཐོབ། ཏཱའི་སི་ཏུ་བྱང་ཆུབ་རྒྱལ་མཚན་ཁྲི་དཔོན་གྱི་ལས་གནས་ལ་འཁོད་སྐབས། དེའི་གོང་གི་ཁྲི་དཔོན་རྒྱལ་མཚན་སྐྱབས་ཀྱིས་མི་འདོད་པའི་རྣམ་འགྱུར་གྱིས་སྣེ ་གདོང་མཛོད་ཁང་གི་དངོས་རྫས་རྣམས་རྒྱལ་མཚན་སྐྱབས་ཀྱི་བུ་ཚས་ཁྱེར་འོས་པ་རྣམས་ཁྱེར། ཁྱེར་མི་འོས་པ་རྣམས་བཅག་སྟེ། ཁྲི་དཔོན་གསར་པ་ལ་དངོས་རིགས་རྩིས་སྤྲོད་བྱས་པ་རྣམས་ཕན་ཐོགས་གང་ཡང་མེད་པའི་ཆག་གྲུམ་ཅན་གྱི་དངོས་རིགས་འགའ་ཞིག་ལས་མེད་ཁར། ཕག་གྲུའི་ཁྲི་དཔོན་གྱི་སྡེ་ཤོག་ནས་གྲི་ཚེ་སྤོང་འབྲས་མོ་དང་བཅས་པ་གཡའ་བཟང་པས་བཟུང༌། བཙན་ཐང་བླ་བྲང་དང༌། ཁྲ་འབྲུག བཟང་མོ། ལྷ་རུ་དང་བཅས་པ་རྣམས་ཤར་པས་བཟུང༌། སྨོན་མཁར་དང༌། བྱེ་མ་ལྷ་ཁང་གི་སྐོར་བཅས་དགེ་བཤེས་དུ་དབེན་པས་བཟུང༌། ཟ་ར་སྟོད་སྨད། ལུས་ཞིང༌། དགོན་ཐང༌། ཀུན་དགའ་ར། སེ་གསེབ་ལྷ་ཁང་གི་སྐོར་བཅས་ཁང་གསར་པ་དང༌། དཔོན་ཆེན་ཡོན་བཙུན་པའི་སྐོར་རྣམས་ཀྱིས་བཟུང༌། རྩྭ། སྤོམ་ཐན་རྣམས་དུ་དབེན་ཤ་རྡོ་རྗེ་མགོན་པོའི་ཕྱོགས་ཀྱིས་བཟུང༌། འཕྱོས་མོན་མགར་རྒྱལ་མཚན་སྐྱབས་ཀྱིས་བཟུང་སྟེ་ཏཱའི་སི་ཏུ་ལ་རྩིས་མ་སྤྲད་པ་བཅས་མདོར་ན་ཕག་གྲུའི་ཁྲི་དཔོན་གྱི་མངའ་ཁོངས་དེ་ཕྱི་ནང་གང་གི་ཐད་ནས་ཉམས་ཉེས་ཆེན་པོ་ཞིག་བྱུང་ཡོད།
ཏཱའི་སི་ཏུ་ཁྲི་དཔོན་གྱི་འགན་བཞེས་གནང་རྗེས་སུ་གཞོན་ནུ་འོད་ཟེར་སྣེ ་གདོང་གི་གཉེར་པར་བསྐོས་ཀྱང༌། ཕྱི་ནང་གི་ལས་དོན་ཁག་ཏཱའི་སི་ཏུའི་དགོངས་དོན་དང་མཐུན་པ་ཞིག་མ་བྱུང་བས་ལོ་བདུན་ཙམ་གྱི་རིང་སྣེ ་གདོང་གི་མངའ་ཐང་འཕེལ་རྒྱས་བྱུང་མེད་པའི་ཁར།
གསེར་སྲང་སྟོང་ཕྲག་ལྷག་ཙམ་གྱི་བུ་ལོན་འཇལ་དགོས་པ་བྱུང་བ་བཅས་ཏཱའི་སི་ཏུ་ལ་འོ་བརྒྱལ་ཆེན་པོ་བྱུང་ཡོད། དེའི་རྗེས་སུ་ཏཱའི་སི་ཏུས་ཧོར་གཞོན་ནུ་བཟང་པོ་སྣེ ་གདོང་གི་ནང་གཉེར་ལ་བསྐོསདེས་སི་ཏུའི་དགོངས་པ་དང་མཐུན་པའི་བློ་གཅིག་སེམས་གཅིག་གིས་སྣེ ་གདོང་གི་ནང་གཉེར་ཀྱི་ལས་ཀ་བསྒྲུབས་པ་དང༌། སི་ཏུ་ཉིད་ཀྱིས་ཐབས་ཤེས་གང་ཡོད་བཏོན་གནང་སྟེ་ཕག་གྲུའི་མངའ་ཁོངས་གཞན་ལ་ཤོར་པ་རྣམས་ཚུར་བླངས། ཕག་གྲུའི་ཁོངས་ཀྱི་གཞིས་ཀ་རྣམས་ཉམས་གསོ་དང༌། ཡུལ་གྲུ་སོ་སོར་སྡོང་མྱུག་འཛུགས་པ། གྲམ་ཆུ་ལ་ཟམ་ཆེན་འཛུགས་པ། སྣེ ་གདོང་ཕོ་བྲང་རྒྱ་བསྐྱེད་གནང་བ་བཅས་ཀྱི་ལས་དོན་མང་པོ་ཞིག་བསྒྲུབས་པས་མཐར་ཁྲི་དཔོན་རྣམས་ཀྱི་ནང་ནས་ཕག་གྲུའི་མངའ་ཐང་ལ་སུས་ཀྱང་འགྲན་ཟླ་མེད་པ་ཞིག་ཏུ་གྱུར། ཡོན་གོང་མས་ཁྲི་དཔོན་གྱི་འཇའ་ས་དང༌། སྟག་མགོ་ནོར་བུ་གསུམ་པའི་ཐམ་ཀ་སོགས་གནང་བའི་སྐོར། སི་ཏུའི་བཀའ་འབུམ་ལས། རྒྱུ་མཚན་རྣམས་ཞུས་ནས་སྒོམ་པ་བྱང་ལ་རྒྱལ་བུ་སྐུ་མཆེད་ཀྱི་བསུ་བ་ལ་ཐེགས། དུ་དབེན་ཤས་དབེན་པའི་མགོ་ལུང་ སྣེ་ཁྲིད་ བྱས་ནས་ཚུར་བྱུང༌། རང་རེས་ཀྱང་བསམ་ཡས་ཟུང་དཀར་དུ་བསུ་བ་ལ་ཕྱིན།
དབེན་པ་ཚུར་གདན་དྲངས་ཀྱང༌། རྒྱལ་བུས། རྡོ་རྗེ་དཔལ་ཟི་མ་དང༌། ཞང་པོ་ནམ་མཁའ་དཔལ་མངགས་ནས། དབེན་པ་ལ་ངོ་མ་བལྟ་ཟེར་བའི་སྦེལ་ཁ་ ཆ་འཕྲིན་ ཞིག་ཟུར་དུ་བསྐུར་བྱུང་ནའང༌། འཇའ་ས། ཧུན་དབེན་གྱི་དམ་ཁ་ཁྲིམས་ར་དང་བཅས་པ་འདུག་པས།
འཇའ་ས་ཉན། དབེན་པ་ལ་ངོ་ལྟ་བྱས་ནས། གོང་དུ། གོང་མ་ལ་མཇལ་བ་ལ། ཁྱེད་རང་འགྲོ་བ་བྱུང་ན་རབ། ཁྱེད་རང་འགྲོ་བ་མ་བྱུང་ན། མི་ངོའམ། གཞན་དྲག་པ་གཅིག་ཐོངས། གང་ཞུས་འགྲུབ་ཟེར་ནས། གཞོན་རྒྱལ་དུ་དབེན་ཤས་སུལ་བརྒྱུད་ མཚམས་སྦྱོར་ བྱས་བྱུང༌།
དེ་ནས་གསོལ་ཇ་ཁང་བར་མའི་སྟེང་དུ་ངའི་རྐང་པ་ལ། དབང་ཕྱུག་བྱུག་པ་བྱེད་ཀྱིན་ཡོད་པར་ཁོ་ན་རེ། དཔོན་རྣམ་པ་མི་འབྱོན་ན། ཐོ་རྩེ་ཞིབ་མོ་མཛད་ནས་སྐུར། ངའི་གྲལ་འགོར་སྡོད་པ་ཞིག་དགོས། ངས་ཕྱིན་པས་ཆོག་ལགས་ཟེར། དེའི་སང་དཔོན་སྐྱ་རྣམས་འཛོམས་པ་ལ། ཁྱེད་རྣམས་མི་འགྲོ་ན། ཁམས་ཆུང་དབང་ཕྱུག་འགྲོ་བར་འདུག ཡང་ཁོ་ཡར་སླེབས་དུས། ཁྱོད་ཚོས་གྲལ་འགོར་ཨེ་འཇོག་ཟེར་བ་ལབ། ཐམས་ཅད་གྲལ་འགོར་འཇོག་པར་ཞུ།
ཡིན་ནོ་ཨ་བྱས། དེ་ནས་ཤེས་རབ་རྡོ་རྗེ་ལ། དབང་ཕྱུག་གི་ཟླ་ལ་འགྲོ་དགོས་ཟེར་བ་བྱས།
ཤེས་རབ་རྡོ་རྗེས་ཀྱང་འགྲོ་བ་ཁས་བླངས་ནས། ཤེས་རབ་རྡོ་རྗེ་དང་དབང་ཕྱུག་གིས་འགོ་བྱས། གོང་དུ་བརྫངས། ཞུ་རྒྱུ་ལ། ཏཱའི་སི་ཏུའི་མིང་དང་དམ་ཁ་ཁྲི་སྐོར་ལ་དགོས་པའི་དངུལ་གྱི་དམ་ཁ་སྒོར་མོ། ཁྲི་སྐོར་གྱི་དུད་ཕྱེད་ཆགམི་སྡེ་མ་གསོས་བར་གྱི་དར་རྒན་རྣམས་ཞུས་བྱས།