ལེའུ་བདུན་པ། ཕག་གྲུའི་སྲིད་སྐྱོང་དུས་རབས།(4)

ཐུབ་བསྟན་ཕུན་ཚོགས།        2010-09-08

 
 མདོ་སྨད་མདོ་འཇམས་སུ་སླེབས་པ་དང༌།   དཔའ་ཤི་དཀོན་མཆོག་དང༌།  བླ་མའི་གསེར་ཡིག་ལ།   གསེར་གྱི་སྒོར་མོ།   ཐུ་ཤུ་སྦེལ་ཁ་ལ་ཐེབས་ནས།  ཡ་རྩེ་ལ་བཏང་འདུག་པ་དང་འཕྲད་འདུག་པ་དང་དཀོན་མཆོག་གིས་ཀྱང་སྔར་གྱི་འབྲེལ་ཚུལ་དང༌།  ཕུ་བོ་དཔའ་ཤི་ཚུལ་བཟང༌། 
རང་རེའི་ས་ན་ཡོད་པའི་ཞེན་པ་བྱས་ནས།   ཁོང་ཚོའི་གྲོགས་ལ་ཕྱིར་གོང་དུ་ལོག་ནས།   སོན་ཅིང་དབེན་གྱི་ཁས་དཔོན་གྱི་སྟོན་མོའི་ཐོག་ཏུ་སླེབས་འདུག་པ།  མི་དཔོན་རྣམས་ཀྱིས་ཆིང་སང་ལ་ཞུས།  ཆིང་སང་གི་གོང་མའི་དྲུང་དུ་ཞུས་ནས།  སླེབས་པའི་སང༌།   གོང་མའི་དྲུང་དུ་མཇལ།   མཇལ་འཕྲད་ལེགས།  ཆིང་རྩེའི་ལུགས་བཞིན།   བྱ་བ་རྣམས་སྒྲུབས་གསུངས་པའི་ལུང་བུད་ནསཁྲི་སྐོར་ལ་དགོས་པའི་དངུལ་གྱི་དམ་ཁ་སྒོར་མོ་གཉིས།   ཁྲི་སྐོར་གྱི་མི་སྡེ་འཇལ་དུད་ཀྱི་འཇམས་མ་གཏོགས་པའི།   ཁྲལ་ཆུ་ཅི་ཡིན་གྱི་ཕྱེད་ཆག་ཏུ་ཆུག་གསུངས་པའི།  སྭོན་ཅིན་དབེན་པའི་ཅ་ཧུ།  གནང་བྱིན་ཆེ་བ་གསེར་ཡིག་གི་སྐ་རགས་དང༌།   དབང་རྒྱལ་བུ་རང་རྟ་ལ་ཤོག་གསུངས་པ་དང༌།  དབེན་པ་འཇམས་མོ་འཆོས་ཀྱིན་ཤོག་གསུངས་པའི་ལུང་བུད་པས།  མདོ་ཁམས་ཡར་བཅད་ཐམས་ཅད་ལ།  རྒྱལ་དབེན་གྱི་གནོད་པ་མེད་པས།   དབུས་གཙང་ནས་དཔའ་ཤི་ཕྱིན་པ་ལ།  ཁོང་རྣམས་ལས་དྲིན་དང་ངོ་སོ་ཆེ་བ་མ་བྱུང་བ་དེ་ཡིན་པས། 
ཤེས་རབ་རྡོ་རྗེ་དང༌།   དབང་ཕྱུག  དཀོན་མཆོག་སྐྱབས་གསུམ་པོ་རྒྱུད་པ་དང་བཅས་པ་ལ།  ཐམས་ཅད་ཀྱིས་མཐོང་གཟོས་དང༌།  རང་རེའི་རྒྱུད་པ་དཔོན་སར་བསྐོས་པ་རྣམས་ཀྱིས་སྐྱོང་བྲན་དགོས་པ་ཡོད་པ་ཡིན།  ཞེས་གསུངས་པ་ལྟར་རོ།  །  དེ་ལྟར་ཕག་གྲུའི་ཁྲི་དཔོན་གནང་བའི་སྐབས་སུ་སྔར་རང་གི་མངའ་ཁོངས་རྣམས་ལ་བདག་ཏུ་བཟུང་བའི་རྐྱེན་གྱིས་གཡའ་བཟང་པ་དང་འཁྲུག་རྩོད་ཀྱི་གྱོད་གཞི་ལངས་ནས་ས་སྐྱའི་དཔོན་ཆེན་ལ་གཏུག་བཤེར་བྱས་པ་དང༌།  ས་སྐྱ་པས་ཀྱང་གཡའ་བཟང་བའི་རྒྱབ་ཏུ་ལངས་ནས་ཁྲིམས་ཐག་དྲང་གཅོད་མ་བྱས་པའི་རྐྱེན་གྱིས་ས་ཕག་འགལ་བ་བྱུང་ཚུལ་ཞིབ་པ་གོང་དུ་ས་སྐྱའི་དུས་རབས་སུ་བཤད་པ་ལྟར་རོ།  དེ་ནས་ཕག་གྲུའི་ཁྲི་དཔོན་བྱང་ཆུབ་རྒྱལ་མཚན་བོད་ཁམས་ཡོངས་ལ་དབང་སྒྱུར་བྱེད་པའི་ཕག་གྲུའི་སྡེ་སྲིད་ཀྱི་ཐོག་མ་ཏཱའི་སི་ཏུ་བྱང་ཆུབ་རྒྱལ་མཚན་ཞེས་པའི་མཚན་སྙན་དེ་འཛིན་མའི་ཁྱོན་འདིར་ཡོངས་སུ་ཁྱབ་པའི་ཚུལ་ནི།  གོང་གསལ་ལྟར་ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱི་ལུགས་གཉིས་ལེགས་པར་བསྐྱངས་པའི་བླ་ན་མེད་པའི་ཐབས་ཤེས་ཀྱི་ཡོན་ཏན་དེ།  གཡའ་བཟང་པ་སོགས་ཁྲི་དཔོན་ཁག་དང༌།   དཔོན་ཆེན་ཁག་གིས་ཕྲག་དོག་གི་ཚེར་མདའ་ཡང་ཡང་བཏབ་པ་ལ།  ཞི་བའི་ཐབས་དང་དྲག་པོའི་དཔུང་སོགས་གང་ལ་གང་འཚམ་གྱིས་རྒོལ་ལན་སློག་པས་མཐར་རང་གི་མངའ་ཁོངས་བསྲུངས་པ་ཙམ་དུ་མ་ཟད་ཁྲི་དཔོན་ཁག་དང་ས་སྐྱའི་དཔོན་ཆེན་བཅས་པ་དབང་དུ་བསྡུས་ནས་བོད་ཁམས་ཡོངས་རྫོགས་ཕག་མོ་གྲུ་པའི་མངའ་འོག་ཏུ་བསྡུས་སོ།  །  དེ་ཡང་ས་སྐྱ་དཔོན་ཆེན་དབང་ཕྱུག་བརྩོན་འགྲུས་ཀྱིས་དྲངས་པའི་དམག་དཔུང་ལ།  གཞོན་ནུ་བཟང་པོས་དམག་དཔོན་བྱས་ཏེ་ཕག་གྲུའི་ཁྲི་སྐོར་གྱི་དམག་གིས་འཐབ་པས་ས་སྐྱ་པ་ལ་གཡུལ་ཉེས་བྱུང་ཕག་གྲུ་བྱང་ཆུབ་རྒྱལ་མཚན་སྐུ་དངོས་ཀྱིས་དམག་དཔོན་བྱས་ཏེ་གྲ་ཕྱི་སོགས་ལྷོ་བརྒྱུད་ཀྱི་རྫོང་གཞིས་ཕལ་ཆེར་བླངས།   དེ་ནས་དཔུང་འཇུག་བྱས་ཏེ་ཚལ་པ་ཁྲི་དཔོན་གཏོར་ཕམ་བཏང་ནས་ས་ཆ་དང་སྡེ་འབངས་ཕག་གྲུའི་དབང་དུ་བྱས།  རབ་བྱུང་དྲུག་པའི་ས་གླང་སྤྱི་ལོ་1349ལོར་འབྲི་གུང་པ་དང༌།  ནམ་གྲགས་པ།   གཡའ་བཟང་པ་སོགས་ཀྱི་དམག་དཔུང་ཐམས་ཅད་ཕམ་པར་བྱས་ཏེ་གོ་མཚོན་རྣམས་བླངས།   དེ་ནས་བཟུང་བོད་ཡོངས་ལ་དབང་སྒྱུར་བྱེད་པའི་དབང་ཤུགས་དེ་ཕག་མོ་གྲུ་པའི་ཕྱག་ལ་ཐོབ།  འོན་ཀྱང་ཏི་ཤྲི་ཀུན་དགའ་རྒྱལ་མཚན་དང༌།   སློབ་དཔོན་བསོད་ནམས་བློ་གྲོས།  གཡའ་བཟང་ཁྲི་དཔོན།   ཚལ་པ་ཁྲི་དཔོན་སོགས་ཀྱིས་ཡོན་གོང་མ་ལ་ཁྲི་དཔོན་བྱང་ཆུབ་རྒྱལ་མཚན་གྱིས་ས་སྐྱ་དམག་གིས་བཅོམ།  ཁྲི་དཔོན་གཞན་རྣམས་མཐའ་འདེད་བྱས་པ་སོགས་ཀྱི་ཞུ་བ་རིམ་པར་ཕུལ་པར་བརྟེན།  རབ་བྱུང་དྲུག་པའི་ཤིང་རྟ་སྤྱི་ལོ་1354ལོར་བྱང་ཆུབ་རྒྱལ་མཚན་གྱིས་དྲུང་ཆེན་ཤེས་རབ་བཀྲ་ཤིས་ལ་སེང་གེའི་པགས་པ་སྡེར་བཞི་མ་ཉམས་པ་སོགས་ནོར་བུ་མང་པོ་བསྐུར་ཏེ་གོང་མའི་དྲུང་དུ་བཏང༌།  ཡོན་གོང་མ་ཐོ་གན་ཐེར་མུ་ལ་ཡིན་ལུགས་ཀྱི་གནས་ཚུལ་ཞིབ་གསལ་ཞུས་པས།  གོང་མ་ཆེན་པོས་སྐབས་དེའི་བོད་ཀྱི་གནས་ཚུལ་དངོས་དང་བསྟུན་ནས།  མྱུར་དུ་དུས་བདེ་ཞོད་འཇགས་ཡོང་བའི་ཆེད་དུ་ཁྲི་དཔོན་བྱང་ཆུབ་རྒྱལ་མཚན་ལ་ཏཱའི་སི་ཏུ་སྟེ་གོང་མའི་ལས་རོགས་ཀྱི་གོ་གནས་དང༌།   བོད་ཡོངས་ཀྱི་སྲིད་དབང་རྩིས་ལེན་བྱེད་ཆོག་པའི་བཀའ་ཤོག་དང་ཐམ་ཁ་བཅས་གནང༌།  དེ་ནས་བཟུང་ཕག་གྲུ་སྡེ་སྲིད་ཀྱི་སྲིད་དབང་དངོས་སུ་ཚུགས། 
  • ལེ་ཚན་སྔོན་མ།:གནས་སྐབས་མེད།
  • ལེ་ཚན་རྗེས་མ།:བཞི། ཕག་གྲུའི་སྡེ་སྲིད་རིམ་བྱུང་གི་ལོ་རྒྱུས་མདོར་བསྡུས།