གྱང་རྡུང་བའི་ལག་ཤེས།

    བོད་ཀྱི་ལག་ཤེས་ཀུན་འདུས་ཆེན་མོ།    2013-08-15

གྱང་རྡུང་བའི་ལག་ཤེས།
 

བོད་ཁང་གི་ཕྱི་ཁོག་གཙོ་བོ་རྩིག་དང་གྱང་གཉིས་ཏེ། གྱང་རྡུང་བའི་ཐོག་མར་གྱང་གི་རྨང་གཞི་བརྟན་པོ་ཞིག་འཛུགས་དགོས་ཤིང་། གལ་ཏེ་རྨང་གཞི་བརྟན་པོ་ཞིག་མེད་ན། གྱང་གི་སྤུས་ཀ་སོགས་ལ་ཅི་ཙམ་གཟབ་ཀྱང་མཐར་ཐུག་གི་བརྟན་རླིང་ཞིགམི་འོང་བས། ཐོག་མར་རྨང་འདིང་བ་ནི། བོད་ལུགས་ཀྱི་ཁང་པའི་རྨང་འདིང་སྟངས་ཁང་རྒྱག་ཡུལ་གྱི་ས་དཔྱད་དང་། ཆ་ཆོག  སྐར་འཛིན་སྔོན་དུ་སོང་ནས།  ཁང་པ་ཆེ་ཆུང་ཇི་ལྟར་འདོད་པའི་ས་ཐིག་ལེགས་པར་བཏབ་པའི་སྟེང་ནས་རྨང་བྲུད་པར།  ས་འོག་གི་ས་མིན་རྡོ་མིན་རྡོ་ཐལ་གྱི་བྲག་རྡོ་ལྟ་བུ་ལ་ཐུག་པ་དང་། རྨང་ས་རྙེད་ཟེར་ནས་རྩིག་རྨང་དེའི་ཐོག་ཏུ་འཇོག་ལ། ས་སྟེང་ནས་རྨང་བར་ཟབ་ཚད་ཅི་ཙམ་བརྐོ་དགོས་པ་ནི་གནས་སོ་སོའི་ས་དཔུང་མཐུག་སྲབ་མི་འདྲ་བས། གཅིག་ཏུ་ངེས་པ་མེད་ལ། མདོར་ན་རྨང་ས་ལ་མ་ཐུག་བར་དུ་བརྐོ། རྩིག་རྨང་འཇམ་པོར་བརྐོས་པའི་སྟེང་རྨང་བརྩིག་དགོས་ཏེ། རྩིག་སྟངས་ལ། རྨང་དེ་ནི་ཁང་རྩེག་དུ་མའི་རྐང་ཡིན་པས་བརྟན་པོ་དང་སྲ་མོ་ཡིན་དགོས་ཕྱིར། རྡོ་རྩིག་གཞན་གྱི་རྩིག་པ་དང་འདྲ་བའི་བརྩིགས་ངོས་འཛམ་པོ་དང་བལྟ་ས་མཛེས་པོ་དེ་གཙོ་བོ་མིན་ལ། གནད་འགག་ནི་རྡོ་རྒྱུ་སྲ་རླིང་སྟེང་། རྡོ་མཐུད་དང་རྡོ་གཟེབ། རྡོ་རྩབ་རྒྱག་སྟངས་ལ་གཟབ་སྟེ་ས་སྟེང་གི་ཡན་དུ་འདོམ་ཕྱེད་ཙམ་བརྩིག་དགོས་ཤིང་། ས་སྟེང་དུ་བརྩིགས་པ་དེ་ནི་གཡང་ལ་ཆུས་མི་གནོད་པའི་ཆེད་དུ་ཡིན་ལ། མིག་གིས་མཐོས་ས་ཡང་ཡིན་པས་ཕྱི་རྩིག་སོགས་ཀྱི་ངོས་འཇམ་ཞིང་མཛེས་པར་བརྩིག་གོ། །
   དེའི་སྟེང་གྱང་བརྡུང་དགོས་ཏེ། གྱང་སའི་རྒྱུ་བྱེ་ས་དང་ས་ནག་མ་ཡིན་པ། རྡོ་ཉུང་ཞིང་འབྱར་རྩི་ལྡན་པའི་ས་སྐྱ་དང་ས་དམར་གཉིས་གང་རུང་ལ་ཆུ་བརྒྱབ་ནས། རླན་ཚད་གྱང་ས་ལག་པས་བཅང་ན། འཆང་བུར་འདུག་ཐུབ་ཙམ་ཚད་དུ་བྱས་ཏེ་ཉིན་ཤས་སྤངས་ནས་བངས་ངེས་བྱེད། གྱང་ས་སློང་ཚོད་ཟི་པ་གལ་ཆེ་སྟེ། བངས་ཆེ་ན་གྱང་ཞིག་ཉེན་དང་། མ་བངས་ན་འཐོར་ཉེན། སྐམ་རློན་ཆུ་མི་སྙོམ་ན་རེ་འགའ་སྲ་ཞིང་རེ་འགའ་སྙི་བས་གྱང་ངོས་གྲོག་ཚང་ལྟ་བུར་འབྱུང་ཉེན་ཡོད།
   གྱང་བརྡུང་སྣོད་ནི་གྱང་གཞོང་ནི། ཐང་ཤིང་རིང་ལ་དྲང་བའི་སྡོང་པོ་དེ་མཐུག་ཚད་སོར་དོ་ཙམ་རེའི་ཤིང་ལེབ་དྲས་པ་དེ་གློ་སྦྱར་བྱས་པ་སྟེ། ཞེང་ལ་འདོམ་ཕྱེད་དང་། རིང་ཚད་འདོམ་དྲུག་བདུན་ཡན། མདོན་ན་གྱང་གཞོང་གི་ཤིང་ལེབ་མཐུག་ལ་རྒྱ་ཆེ་ཞིང་རིང་བ་གལ་ཆེ་སྟེ། ཐུང་ན་གྱང་ལ་ཕྲེད་དུ་མཐུད་མཚམས་མང་པ་དང་། རྒྱ་ཆུང་ན་སྲིད་དུ་སྤར་མཚམས་མང་བ། གྱང་གཞོང་མཐུག་པོ་རང་ཤེད་ཐུབ་པ་མ་ཡིན་ན་གྱང་ལ་སྲབ་མཐུག་དང་གཤོང་འབུར་ཤོར་ཉེན་དང་། གྱང་གཞོང་སྤར་གྲངས་མང་ན་གྱང་དཔོན་གྱིས་ཚོད་འཛིན་དཀའ་བ་སོགས་ཏེ། མདོར་ན། གྱང་གཞོང་ནི་གྱང་གི་པར་ཀོང་ལྟ་བུ་ཡིན་པས་གྱང་གཞོང་ལེགས་པ་གལ་ཆེ།
   གྱང་ཐོ་ནི། རྒྱུ་སྟག་པ་ཤིང་ལས་བྱས་ཤིང་ཕྱོགས་གཅིག་རིལ་པོ་དྲང་བཅད་དང་། ཕྱོགས་གཞན་གྱི་སྣེ་གཅིག་ལེབ་ལེབ་དྲང་པོར་བཅད་པ། འགོ་འདབ་གཉིས་བར་ལག་པས་འཛིན་བདེ་ཅན་རིམ་གྱིས་ཕྲ་ཞིང་གཞོལ་བ། རིང་ཐུང་འདོམ་གང་དང་ཁྲུ་གང་ཙམ་པ་དེ་ཡིན།
   གྱང་མདུང་ནི།  གྱང་རྡུང་སྐབས་གྱང་གཞོང་འཛིན་བྱེད་ཀྱི་ཤིང་རྒྱུག་རིང་ཐུང་འདོམ་བཞི་ཡས་མས་སྦོམ་ཕྲ་མཐོ་དོས་འཁྱུད་པ་དུ་མ།
   གྱང་གཐང་ནི། གྱང་མདུང་བཅིངས་ནས་གྱང་གཞོང་འཛིན་བྱེད་ཀྱི་ཐག་པ་སྟེ། འབྲེང་བ་རྒྱུ་བཟང་མང་ཙམ་ལ། སྔོན་མེད་པོའི་སྐབས་ཐག་འབྲེང་གི་ཆ་རྐྱེན་མེད་མཁན་གྱིས། ཤིང་གླང་མ་ཡལ་གའི་གླང་ཐག་བསྒྲིལ་ནས་གྱང་གཞོང་སྤར་མཚམས་ནས་ཕྲེད་དུ་བཏང་སྟེང་གྱང་མདུན་འཛིན་ཡས་བྱས་པ་དེ། ཁང་པའི་གྱང་ངོས་སུ་ཡུན་དུ་ལུས་པའ་སྟེང་བྱེའུས་ཚང་བཅའ་བ་མང་པོ་མཐོང་དུ་ཡོད་དོ། །
   གོང་གི་སྟ་གོན་ཐམས་ཅད་འགྲུབ་ནས་གྱང་རྡུང་བར། གྱང་དཔོན་གྱི་བཀོད་པ་ལ་བརྟེན་ནས་བྱ་བ་ལ། གྱང་གི་རྒྱ་ཆེ་ཆུང་དང་། གཅུན་ཚད། མཐུད་སྟངས། བཟོ་བཅོས་ཐམས་ཅད་གྱང་དཔོན་གྱི་ངག་བཀོད་ལྟར་བྱ་ལ། གྱང་དཔོན་གྱིས་ཚད་མི་འཕྱུག་པ་ནི་གནམ་ཐིག་དང་། ཐིག་སྐུད། ཉམས་མྱོང་བཅས་ཀྱིས་བྱ། ཚོམས་ཆན་སོགས་ཀྱི་གྱང་རྒྱ་ཆེན་པོའི་རིགས་ལ་གྱང་དཔོན་བཟང་པོ་གལ་ཆེ་སྟེ། ཐིག་ལེན་དང་བཟོ་བཀོད་ལ་མ་མཁས་ན། གྱང་གི་དབུས་འབུར་ལ་ཟུར་གཅུན་པ་དང་། དབུས་ཀྱོང་ཞིང་ཟུར་ཕྱི་ཕྱོགས་སུ་ཤོར་བ་ད་ང། གཅུན་ཚོད་མ་ཟིན་པས་མཐོ་སར་རྒྱ་ཆུང་བ་སོགས་ཏེ། ཚབས་ཆེ་ལ་གྱང་རྡིབ་པའི་ཉེན་ཁའང་ཡོད་དོ། །
གྱང་གཞོང་བཅིང་བར་དམ་ལྷོད་ཀྱི་ཚད་གཅིག་དགོས་ཏེ། དམ་ལྷོད་སོགས་ཀྱི་ཚོད་མ་ཟིན་གྱང་ཞེང་ལ་ཆེ་ཆུང་འགྲོ་ཉེན་ཡོད་པས་ཐོག་མཐའ་བར་གསུམ་དུ་གཟབ་ཅིང་། ཤིང་རྩབ་ཀྱིས་བཅོས་ཤིང་གྱང་གཞོང་གི་ནང་གྱང་ས་བླུག་ནས་རིམ་པ་བཞིན་བརྡུང་བ་ལ། ཕལ་ཆེར་སྐྱེས་པ་རྣམས་ལག་ཤེད་ཆེ་བས་རྡུང་མཁན་དང་། བུད་མེད་རྣམས་ཁུར་ཤེད་བཟང་བས་ས་ཁུར་མཁན་ཡིན་ལ། དེ་ལྟར་ས་ཁུར་འོང་བ་ལ། གྱང་གཞོང་ནང་དུ་ས་འགྲེམས་ཞོར་དུང་རྡུང་ཞོར་དགོས་ཏེ། གལ་ཏེ་ས་མ་བཀྲམ་ནས་རྡུང་ནས་བརྡུངས་མ་ཐུབ་པའི་ས་བོང་ལུས་ཉེན་ཡོད་པས་གཟབ་ལ། གྱང་ཐོ་རིལ་ཕྱོགས་ཀྱིས་གྱང་སྙིང་དང་། ལེབ་ཕྱོགས་ཀྱིས་གྱང་གཞོང་ནང་ངོས་ཀྱི་གྱང་ངོས་བརྡུངས་ནས་བསྣར་རྡུང་ཐུབ་པ་ནི་གྱང་ལེགས་པའི་འགག་རྩ་ཡིན་ལ། གྱང་གི་ཟུར་བཞི་རྡུང་སྟངས་ལྷག་པར་དུ་བཟང་དགོས་པས། གྱང་རྡུང་མཁས་ཤིང་བཟང་བ་དེར་ཟུར་བཞི་བརྡུང་འཇུག་པ་ཡིན། དེ་ལྟར་གྱང་གཞོང་གང་རེ་བཞིན་རིམ་པར་སྤར་ནས། ཁང་རྩེག་གཅིག་བརྡུངས་ཚར་བ་དང་ངེས་པར་དུ་མཚམས་འཇོག་དགོས་ཏེ། མུ་མཐུད་དུ་བརྡུང་ན་གྱང་འོག་མ་ལ་རླན་ཡོད་པས་རྡིབ་ཉེན་ཡོད་པས་སོ། །
   གཞན་ཡང་གྱང་རྡུང་བའི་དུས་ཚིགས་ནི། དཔྱིད་ཀ་ཆར་འགོ་མ་ལངས་གོང་དང་ཡང་ན་སྟོན་ཁའི་ཆར་སྐབས་བརྒལ་རྗེས་བརྡུང་ན། སྐམ་མགྱོགས་ཤིང་། ཆར་ཆུས་འཇིག་པའི་ཉེན་ཁ་མེད། དེ་ལྟར་རྩེག་འོག་མ་རྣམས་སྐམ་ཟིན་པ་དང་། ཡང་ན་ཕལ་ཆེར་སྐམ་ནས་སྲོག་ཟིན་རྗེས་སླར་ཡང་རྩེག་གོང་མའི་གྱང་རིམ་པར་བརྡུང་། དེ་ནས་གྱང་གི་མཐུད་མཚམས་དང་གོ་འབུར་ལེགས་པར་བསྙམས་པའི་ཐོག་ཞལ་བ་བྱས་ནས་འགྲུབ་བོ། །
 
  • ལེ་ཚན་སྔོན་མ།:སྡོད་ཁང་བཟོ་ཐབས་དང་སྡོད་ཁང་གི་ཐ་སྙད་སྐོར།
  • ལེ་ཚན་རྗེས་མ།:རྡོ་མགར་གྱི་ལག་ཤེས།
  • དོ་སྣང་ཆེ་བའི་རྩོམ།