རྡོ་མགར་གྱི་ལག་ཤེས།

    བོད་ཀྱི་ལག་ཤེས་ཀུན་འདུས་ཆེན་མོ།    2013-08-16

རྡོ་མགར་གྱི་ལག་ཤེས།

བོད་ཡུལ་དུ་རྡོའི་རིགས་དང་རྡོ་གཏེར་གྱི་འབྱུང་ཁུངས་ཕུན་སུམ་ཚོགས་པ་ཞིག་ཡོད་དེ། རྡོ་ཀ་མ་རུ་དང་། གཡང་ཊི་དང་། ཆུ་ཤེལ་གྱི་རྡོ་དང་། སྐར་རྡོ་དང་། དེང་སང་གནས་ཁང་བཟོ་སྐྲུན་ལ་སྤྱོད་པ་རྒྱ་ཆེ་བའི་འདྲེད་རྡོ་དཀར་པོ་དང་། ནག་པོ་དང་། ཁྲ་བོ་དང་། དམར་པོ་དང་། རྨ་བྱ་སྒྲོ་མདངས་སུ་གྲགས་པའི་གཞི་ལྗང་གུ་ལ་རི་མོ་དང་ཐིག་ལེའི་སྣ་ཚོགས་ཅན། ཡིག་དྲུག་དང་རྒྱལ་བའི་བཀའ་འགྱུར་སོགས་ཀྱི་བརྐོ་གཞི་གསོབ་རྡོའི་རིགས་དང་། རྡོ་གཡོམ་དང་། བརྡར་རྡོའི་རིགས་དང་། རྡོ་དཀར་རྡོ་ནག་སོགས་ཕུན་སུམ་ཚོགས་པ་ཞིག་ཡོད་ལ། རྡོ་མགར་གྱི་ལག་རྩལ་དེ་བོད་ལ་ནམ་ཙམ་དར་བའི་སྐོར་ལ།
   ད་ཡོད་ཀྱི་དངོས་པོ་ལ་བལྟས་ན། བོད་ཀྱི་རྒྱལ་པོ་གཉའ་ཁྲི་བཙན་པོ་སྐབས་ནས་བོད་ལ་རྡོ་མགར་གྱི་ལག་རྩལ་དར་བ་མངོན་ཏེ། ཕོ་བྲང་ཡུམ་བུ་བརླ་སྒང་གི་རྩིག་པ་དང་། རྡོ་སྐས་སོགས་ལས་མཐོང་ཐུབ་ལ། དེ་རྗེས་མེས་དབོན་རྣམ་གསུམ་གྱི་སྐབས་ཡར་རྒྱས་བྱུང་སྟེ། བསམ་ཡས་དང་ལྷ་ས། འཕྱོངས་རྒྱས་རྡོ་རིང་དང་རྡོའི་སྐུ་བརྙན། རྡོའི་སེང་གེ། རྡོ་རྩིག་གི་གཙུག་ལག་ཁང་། ཁྱད་པར་དུ་ཁྲི་སྲོང་ལྡེ་བཙན་སྐབས་བཞེངས་པའི་ངོ་མཚར་རྡོའི་མཆོད་རྟེན་སོགས་ལས་གསལ་པོ་ཤེས་ཐུབ།
   བོད་དུ་རྡོ་མགར་ལག་ཤེས་ལས་བྱུང་བའི་དངོས་པོ་སྤྱོད་སྒོ་རྒྱ་ཆེ་བ་སྟེ། ལོ་རྒྱུས་ཐོག་ནས་བལྟས་ན། རྡོ་རྩིག་གི་ཕོ་བྲང་དང་། མཁར་དང་གཙུག་ལག་ཁང་དང་། བཙན་རྫོང་དང་། ཟམ་པ་དང་། འབངས་ཀྱི་སྡོད་ཁང་དང་། ར་བ་དང་། སྔོན་མེས་པོ་སྐབས་སུ་དར་ཞིང་ས་བདག་ཀླུ་གཉན་གྱི་གནོད་པ་སྲུང་བའི་ཆེད་དུ་བརྩིགས་པའི་རི་སྐྱོར་དང་། བསེ་མཁར་དང་། ཀླུ་ཁང་དང་། སཙྪ་ཁང་དང་། མཆོད་རྟེན་སོགས་ཀྱི་རྩིག་པ་དང་། བཟོ་སྐྲུན་དེ་དག་གི་ཁོངས་སུ་གཏོགས་པའི་རྡོ་གཅལ་དང་། རྡོ་སྐས། རྡོ་གཡམ་གྱི་སྟེང་ཁེབས་སོགས་རྡོ་ལས་བཟོས་པའི་རིགས་དང་། རྡོའི་སྤྱོད་ཆས་ལ། ཆུ་མཆིག་དང་། ལག་བསྐོར་དང་། ཕྱུར་འཐག་དང་། རྡོ་གཏུན་དང་། རྡོའི་མཆོད་ཀོང་དང་། རྡོ་གཞོང་དང་། བརྡར་རྡོ་དང་། དབུར་རྡོ་སོགས་དང་། ལོ་རྒྱུས་དང་རིག་གནས་ཀྱི་ཁོངས་སུ་གཏོགས་པའི་རྡོ་རིང་དང་། རྡོ་བརྐོས་ཀྱི་སེང་གེ་སོགས་སྲོག་ཆགས་ཀྱི་གཟུགས་བརྙན་དང་། རྡོའི་མཆོད་རྟེན་དང་། རྡོ་སྐུ་དང་། མཚོན་ཆའི་ཁོངས་སུ་གཏོགས་པའི་སྒྱོགས་རྡོ་དང་། འུར་རྡོ་དང་། རྦབ་རྡོ་དང་། རྡོ་རིལ་ཀོ་ཐུམ་ཅན་གྱི་ཀླད་བསྐོར་སོགས་དང་། རོལ་མོའི་ཆ་ལག་ཏུ་གཏོགས་པའི་རྡོ་རྔ་དང་། རྩེད་ཆས་ཀྱི་ཁོངས་སུ་གཏོགས་པའི་རྡོ་འབེན་བཀྱེ་བ་དང་། བཀྱག་རྡོ་དང་། མ་རྡོ་དང་། རྒྱང་ཚང་དང་ཕོག་ཚད་འགྲན་པའི་འཕང་རྡོ་དང་། རྡོ་གཡམ་ཆུ་སྟེང་དུ་འཕྱོ་ཚད་འགྲན་པའི་ཆུ་འཕྱོ་དང་། དགུ་འགྲོས་དང་ཌཱ་རུ་སྤོ་ཁང་སོགས་རྡོའི་རྒྱན་འགྲོས་སྤོ་བྱེད་དང་། མཛུབ་རྡོ་འགྲན་པའི་ཨ་དཀར་ཨ་ནག་ཅེས་པའི་རྒྱན་འཇོག་བྱེད་དང་། དགུན་གྱི་འཁྱག་ཞུད་རྒྱག་པ་སྤྱོད་པའི་འདྲེད་རྡོ་སོགས་རྩེད་མོ་སོ་སོའི་དགོས་མཁོ་དང་མཐུན་པའི་རྡོ་སྣ་ཚོགས་པ་ཞིག་དགོས་ཀྱང་། དེ་དག་ཕལ་ཆེ་བ་ནི་རང་བཞིན་གྱི་རྡོ་བཟོ་བཅོས་མ་བྱས་པ་ཡིན། རྡོ་མགར་ལས་བྱུང་བའང་མི་ཉུང་བ་ཞིག་ཡོད་པ་ནི། ཡོངས་སུ་མགར་ནས་གྲུབ་པའི་ཆུ་མཆིག་དང་།  ལག་འཐག་དང་། རྡོ་གཏུན་དང་། རྡོ་གཞོང་དང་། རྡོའི་མཆོད་ཀོང་དང་། རྡོ་སྐས་དང་། རྡོ་རིང་དང་། རྡོའི་མཆོད་རྟེན་དང་། རྡོའི་སེང་གེ་སོགས་སྲོག་ཆགས་ཀྱི་གཟུགས་བརྙན་རྣམས་དང་། རགས་ཙམ་མགར་བ་ལས་བྱུང་བའི་རྡོ་གཅལ་དང་། རྩིག་རྡོ་དང་། ཕྱག་རྡོའམ་གྲ་རྡོ་དང་རྡོ་གཡམ་གྱི་སྟེང་ཁེབས་དང་རྡོ་སྒྲོམ་རྣམས་སོ། །
   རྡོ་ལྷ་དང་མ་ཎི་དབུ་ཆེན་སོགས་ཀྱི་བརྐོ་གཞི་ལ་མགར་བ་དང་མ་མགར་བ་སྣ་ཚོགས་འབྱུང་བས་མཐའ་གཅིག་ཏུ་ངེས་པ་མེད་དོ། །
  རྡོ་མགར་གྱི་ལག་ཆ་ལ། ཐོ་ཆེན་དང་། ཐོ་འབྲིང་དང་། རྡོ་སྟ་ཞེས་དབྱིབས་དགྲ་སྟ་དང་ཕྱོགས་མཚུངས་ལ་མགར་བྱེད་དང་གཅོད་བྱེད་གཉིས་ཀ་ཡིན་པ་དེ་དང་། རྡོ་གཙག་ནི་གཙག་འགོའི་ཕྱོགས་གཅིག་ལྕགས་མགར་གྱི་ཐོ་བ་དང་འདྲ་ཞིང་། ཕྱོགས་གཅིག་པོའི་མཆུ་རིང་ལ་རྣོ་བ་མཆིག་སོགས་གཙག་བྱེད་དང་། རྡོ་ལ་བུ་ག་གཏོད་བྱེད་དང་། སྔོག་བྱེད་ཀྱི་ལྕགས་མདའམ་ལྕགས་རྒྱུག་རིང་ཐུང་། ལྕགས་ཀྱི་ཁྱིའུ༼ས་ཆ་འགའ་ཞིག་ཏུ་ལྕགས་གཟགས་ཞེས་ཀྱང་འབོད་༽ཆེ་ཆུང་དུ་མ་བཅས་ཏེ། དེང་དུས་རྡོ་འདྲ་བྱེད་གློག་གི་འཁོར་སོག་དང་། རྩུབ་རྡར་དང་འཇམ་བརྡར་བྱེད་པའི་འཕྲུལ་ཆས་སྣ་ཚོགས་སྤྱོད་བཞིན་ཡོད་པ་ཐམས་ཅད་ནི་བོད་དམངས་ཁྲོད་ཀྱི་ལག་རྩལ་ཁོངས་སུ་མི་གཏོགས་པས་འདིར་བྲིས་མེད།
  མགར་སྟངས་ནི། རྡོ་མགར་བའི་ཐོག་མར་མགར་བྱ་རྡོའི་རྒྱུ་བརྟག་པ་ཤིན་ཏུ་གལ་ཆེ་སྟེ། རྡོ་སྐས་བཟོ་བའི་རྒྱུ་ནི། རྡོ་ཕ་བོང་རྒྱ་ཆེ་ལ་གས་སྲུབ་མེད་པ། རྒྱུ་སྲ་བའི་ཆུ་རྡོ་སྔོན་པོ་དང་ཡང་ན་འདྲེན་རྡོའི་རིགས། རྡོ་རིས་ཀྱི་དཀྱིལ་འཁོར་ཕྱོགས་དང་བསྟུན་ནས་ཐིག་བཏབ་པའི་ཐོག་ལྕགས་ཀྱི་ཁྱིའུའམ་ལྕགས་གཟགས་བརྡེབས་ནས་གྲུ་བཞི་ནར་མོ། ཤིང་བཞི་ལིངས་ལྟ་བུ་འདོམ་གསུམ་བཞི་ཡན་གང་འདོད་དུ་གཤག་ཐུབ་པའི་རྡོ་ལེགས་པ་བཙལ་ནས་རྙེད་པར། ལྕགས་གཟགས་གྲལ་ལྟར་བརྡེགས་ནས་བཀས་པ་དེ་དག་ལྕགས་གཟོང་དང་། རྡོ་སྟ་སོགས་ཀྱིས་དྲང་གཞོག་དང་འཇམ་བརྡར་བྱ། རྩིག་རྡོ་ཡང་དེ་དང་ཕྱོགས་མཚུང་ཀྱི་ཆེ་མགར་ཙམ་རེ་ཐུབ་ན། བརྩིག་བདེ་སྲ་ཞིང་བརྟན་པས་ཤིན་ཏུ་བཟང་ཡང་། དེང་དུས་དབུས་གཙང་ཕྱོགས་སུ་རྩིག་རྡོ་མགར་ཤུགས་ཆེ་བ་ཙམ་ལས་སྔ་རབས་བརྩིགས་པའི་རྩིག་པ་ཐམས་ཅད་ནི། རང་བཞིན་གྱི་རྡོ་རྣམས་རྩིག་མཁན་གྱི་ལག་རྩལ་ལ་བརྟེན་ནས་རྩིག་སྟ་དྲང་པོ་དང་། རྩིག་ངོས་འཇམ་པོ། རྡོའི་ཕོ་མོའམ་འབུར་གཤོང་སྤྲད་པ་དང་། རྡོ་གཟེར་བརྒྱབ་པ་སོགས་ལ་བརྟེན་ནས་རྩིག་པ་སྤུས་ཀ་བཟང་ཞིང་སྲ་ཐབས་དང་བརླིང་ཐབས་བྱས་པ་ལས་རྡོ་མགར་གྲུ་བཞི་མ་བརྩིགས་པ་ཉུང་ངོ་། །
   ཆུ་མཆིག་དང་ལག་འཐག། རྡོ་གཏུན། མཆོད་ཀོང་། རྡོ་གཞོང་ཐམས་ཅད་ནི། ཆུ་རྡོ་སྔོན་པོ་སོགས་རྡོ་རྒྱུ་སྲ་མཁྲེགས་ཅན། ཚོན་སོགས་འདུལ་རྡུང་ཇི་ལྟར་བྱས་ཀྱང་འདུལ་སྣོད་ཀྱི་རྡོ་རྒྱུ་སྙི་བའི་སྐོན་གྱིས་ཁ་དོག་མི་འགྱུར་བ་དང་། ཇ་དང་སྨན་སོགས་བརྡུང་ན་བྲོ་བ་མི་འགྱུར་དེ་དག་སྤྱོད་ཆས་རང་རང་གི་དབྱིབས་དང་བསྟུན།  ཕྱོགས་ཐམས་ཅད་ནས་མགར་ཏེ་ཆེ་ཚུགས་ཙམ་ཐོན་ཐོག  གཞི་ནས་ཞིབ་ཚགས་མགར། མཆིག་མགར་བར། ཡ་མཆིག་དང་མ་མཆིག་གམ། མཆིག་གི་ཡ་ལོ་དང་མ་ལོ་གཉིས་རྡོ་གཅིག་ལས་བཏོན་ན་རྒྱུ་གཅིག་པས་ཆ་ལྡན་པ་འོང་ཞེས་ཉམས་མྱོང་རྒན་པོས་བཤད་དོ། །
   རྡོའི་མཆོད་རྟེན་དང་། རྡོའི་སྐུ་གཟུགས་རིལ་པོ་དང་། སེང་གེ་སོགས་ཀྱི་གཟུགས་བརྙན་མགར་ན། རྡོ་ཀ་མ་རུ་པ་ཁ་དོག་སྣ་ཚོགས་ཀྱིས་མགར་ན། རྡོ་གཞན་པ་ལས་རིན་ཐང་ཆེ་ཞིང་ཁ་དོག་བཟང་བ། སྲ་སྙི་རན་པ་དང་རྒྱུ་མཉེན་པས་འཇམ་རིས་སྣ་ཚོགས་ཕུན་སུམ་ཚོགས་པ་འབྱུང་བ་སོགས་ཀྱི་དགེ་མཚན་དུ་མ་ལྡན་ལ། ཐོག་མར་དཔེ་རིས་ལྟར་ཆ་ཆེན་གྱི་ཆ་ཚད་ལེགས་པར་བགོས་པའི་སྟེང་ནས་མགར་བར། ཐོག་མར་ཆེ་ཚུགས་སུ་མགར་ཏེ་རྒྱང་བལྟས་དང་ལོགས་བལྟས་ཡང་ཡང་བྱས་ཤིང་སྐྱོན་རྣམས་བསལ་སླད་ཞིབ་ཚགས་དང་འཇམ་བརྡར་བྱས་ནས་གྲུབ་ལ། གལ་ཏེ་གོང་སྨོས་ཀྱི་གོ་རིམ་ལས་ལྡོག་སྟེ་ཆེ་ཚུགས་འཕྱུག་གྱུར་ན། ཞིབ་ཚགས་ལ་ཇི་ལྟར་གཟབ་ཀྱང་ལེགས་པོ་ཡོང་ཐབས་མེད་པས་གཟབ་གལ་ཆེ་བ་ཡིན།  རྡོ་རིང་ནི། རྡོ་སྐས་སོགས་ཀྱི་རྒྱུ་ལས་ཅུང་ཟད་འབོལ་བས་ཡི་གེ་དང་རི་མོ་བརྐོ་ཐུབ་པ། དབྱིབས་དང་རིང་ཚད་རྡོ་སྐས་ཀྱི་རྒྱུ་དང་ཕྱོགས་མཚུངས་ལ་ཞེང་ཆེ་བས་ཡི་གེ་བཀོད་བདེ་བ་བཅས་ལ་དམིགས་ཏེ་བདམས་ནས་མགར་ཐོག  འཇམ་བརྡར་བྱས་པའི་སྟེང་དུ་ཡི་གེ་བརྐོ་བ་ཡིན་མོད་ཀྱང་། བསམ་བརྗོདདང་བྲལ་བའི་ལས་དང་། མྱ་ངན་ཅན་སོགས་ལ་ནི་ཡི་གེ་མེད་པའང་ཡོད་ཅེས་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་བཤད་དོ། །
   མ་ཎི་དབུ་ཆེན་དང་རྡོ་ལྷ་བརྐོ་གཞི་ནི། ཕྱི་གསོབ་ཅིང་འབོལ་ལ་སྙིང་པོ་ཅུང་ཟད་སྲ་བ་དེ་ལ་བརླན་ཅུང་ཟད་ཕབ་ནས་བརྐོ་བ་རྡོ་རྐོས་ཀྱི་ལག་ཤེས་ལས་བཤད་ཟིན་པ་ལྟར་ལ། སྟབས་བདེ་བའི་ཕྱིར་རྡོ་གཡམ་ལ་བརྐོས་པ་མང་ཡང་། དེ་ལ་ཆར་རླུང་དང་ཉི་འོད་ཕོག་ན་རིམ་པ་རེ་རེ་བཞིན་གོག་འགྲོ་བ་དང་། རིམ་མང་བརྩིག་ན་ཆག་སླ་བ་སོགས་ཀྱི་སྐྱོན་ཡོད་པས་གནས་སྐབས་བདེ་ཡང་འཇིག་སླ། མ་ཎི་དབུ་ཆེན་དང་རྡོ་ལྷ་བརྐོ་གཞི་ལ་མགར་བ་དང་རང་བྱུང་གི་རྡོ་ལེབ་ངོས་བརྐོས་པ་སྣ་ཚོགས་བྱུང་བས་མཐའ་གཅིག་ཏུ་ངེས་པ་མེད་དོ། །
   རྡོ་གཡམ་གྱི་སྟེང་ཁེབས་ནི། རྡོ་གཡའ་མའི་བྲག་རྡོ་བཀོག་ནས་སྲབ་ཅིང་རྒྱ་ཆེ་ལ་སྲུབ་མེད་པའི་རྡོ་ལེབ་རྣམས་བདམས་ཏེ། བྱ་སྤུ་འགེབས་ཀྱིས་ཁང་པའི་སྟེང་ཁེབས་བྱས་པ་སྟབས་བདེ་ཞིང་འགྲོ་གྲོན་ཆུང་བ་ཞིག་ཡིན། སྔར་གྱི་རྡོ་གཅལ་ནི། རང་བཞིན་གྱི་རྡོ་ལེབ་རྒྱུ་ཅུང་སྲ་ལ་མཐུག་ཞད་ཅན་བྲང་ངོས་ནས་བཀོག་པའམ་ཡང་ན་བཏུས་ཏེ། རྡོ་གཅལ་དངོས་སུ་སྒྲིག་སྐབས་ཟུར་སོགས་ཅུང་ཟད་རེ་བཅོས་མགར་བགྱིས་ནས་བསྒྲིགས་པ་ཡིན། རྡོ་རྔ་ནི། རང་བྱུང་གི་རྡོ་ལེབ་ལ་ལྕགས་དབྱུག་དང་། རྭ་ཅོ་སོགས་ཀྱིས་བསྣུན་ན་སྐད་སྙན་པོ་འབྱིན་པ་དེར་བུ་ག་བཏོད་དེ། མཚམས་པ་བ་སོགས་ཀྱི་ར་བའི་སྒོ་ལ་བཏགས་ནས་བརྡ་གཏོང་བྱེད་ཤིག་ཡིན། རྡོ་སྒྲོམ་ནི་རྡོ་ལེབ་ཀྱིས་སྟེང་འོག་ཕྱོགས་བཞི་སྤྲད་དེ། ཕལ་ཆེར་བུམ་གཏེར་དང་། པུར་ཐལ་དང་། ཕུང་པོ་སོགས་བཅུག་ནས་ས་འོག་ཏུ་སྦ་བྱ་ཡིན་ལ། རང་བྱུང་གི་རྡོ་ལེབ་ཅུང་ཟད་རེ་མགར་ནས་བཟོ་བཅོས་བཏང་དུ་ཡོད་པའི་རྡོ་རིགས་ཆུ་ཤེལ་གྱི་རྡོ་དང་། གཡང་ཊི་དང་། ཀ་མ་རུ་སོགས་ལ་རྐོས་དཀྲུག་བརྒྱབ་ནས་བཟོས་པའི་ཕོར་བ་དང་། མཆོད་ཀོང་དང་། གདུ་གུ་དང་། སོར་གདུབ་དང་། ལྗོངས་རྒྱུ་མཁན་ལ་བཙོང་བྱའི་རིག་རྫས་སྣ་ཚོགས་བཟོ་བཞིན་པ་དང་། འདྲེད་རྡོའི་རིགས་སྣ་ཚོགས་དང་། རྨ་བྱ་སྒྲོ་མདངས་དང་། ཀ་མ་རུ་ལ་སོགས་ཀྱིས་གནས་ཁང་བཟོ་སྐྲུན་གྱི་རྒྱུ་ཆ་གཙོ་བོར་འགྱུར་བཞིན་པ་མ་ཟད། རྡོ་དེ་དག་ལ་མཛེས་པའི་ཆ་དང་། རིན་ཐང་གི་ཆ་དང་། སྲ་བའི་ཆ་དང་། རྫས་འགྱུར་གྱི་སྦྱོར་རྫས་ལྟ་བུས་མིའི་ལུས་ཁམས་ལ་གནོད་པ་མེད་པའི་ཆ་སོགས་ཀྱི་ཡོན་ཏན་མང་པོ་ལྡན་མོད། དེ་དག་བཟོ་བའི་ལག་ཆ་དང་། བཟོ་ཐབས་དང་། རྒྱུ་བརྟག་ཐབས་ཐམས་ཅད་ནི་རིན་པོ་ཆེའི་བརྟག་ཐབས་ལས་བཤད་པར་བྱའོ། །
 
  • ལེ་ཚན་སྔོན་མ།:གྱང་རྡུང་བའི་ལག་ཤེས།
  • ལེ་ཚན་རྗེས་མ།:སྐྱོ་འབུར་བཟོ་བའི་ལག་ཤེས།
  • དོ་སྣང་ཆེ་བའི་རྩོམ།