གཙུག་ལག་ཁང་དང་སྐྱེད་མོས་ཚལ་ཀུན་དགའ་ར་བའི་སྐོར་བཤད་པ།
བོད་ཀྱི་ལག་ཤེས་ཀུན་འདུས་ཆེན་མོ། 2013-08-13
དེ་ཡང་། འདུལ་བ་གནས་མལ་གྱི་བཞི་བམ་པོ་དོན་བཞི་པ་ལས་བྱུང་བའི་གཙུག་ལག་ཁང་གི་བཞེངས་ཚུལ་ལ། དབུས་སུ་དྲི་གཙང་ཁང་། གཡས་སུ་གནས་ཁང་གཉིས། དྲི་གཙང་ཁང་གི་དབུས་སྒོ་གང་འདོད། གཡས་ཕྱོགས་གནས་ཁང་གཉིས་ཀྱི་དྲི་གཙང་ཁང་གི་ཐད་ཀའི་དབུས་སྒོ་བྱ། དགེ་སློང་རྣམས་ཀྱི་གཙུག་ལག་ཁང་ལྔ་རྩེག་སྒོ་ཁང་སྟེང་གི་བསིལ་ཁང་ལའང་བདུན་རྩེག་ཏུ་བྱའོ། ། ཞེས་བཅོམ་ལྡན་འདུས་ཀྱིས་གསུངས་པ་ལྟར། ཁྱིམ་བདག་དགེ་བཟང་གིས་ཡུལ་ཝ་ར་ཎ་སིར་སྟོན་པ་ཉན་ཐོས་དང་བཅས་ཀྱི་བཞུགས་གནས། སྒོའི་བསིལ་ཁང་དང་བཅས་བདུན་རྩེག་དང་། གཡས་གཡོན་གཉིས་སུ་ཉན་ཐོས་ཀྱི་བཞུགས་གནས་ལྔ་རྩེག་ཁང་ཕྲན་དུ་མ་ཡོད་པ་བརྩིགས་ཚུལ་འཁོད་པ་དང་། ཡང་འདུལ་བའི་བམ་པོ་གྱ་དགུ་པ་ནས་གོ་གཅིག་པའི་ནང་དུ། ཡུལ་མ་ག་དྷར་རྒྱལ་པོ་གཟུགས་ཅན་སྙིང་པོའི་འབངས་སུ་གྱུར་པའི་ཁྱིམ་བདག་གཅིག་ལ་སྐྱེད་མོས་ཚུལ་ཡིད་དུ་འོང་བ། མེ་ཏོག་དང་། འབྲས་བུ་དང་། ཆུ་ཕུན་སུམ་ཚོགས་པ་ཞིག་ཡོད་པ་དེ། གཟུགས་ཅན་སྙིང་པོས་བསླངས་ཀྱང་མ་བྱིན། རིན་སྟེར་རོ་ཞེས་ཉོ་བར་བརྩམས་ཀྱང་མ་བཙོངས་པ་དེ། ནམ་ཞིག་རྒྱལ་པོ་པདྨ་ཆེན་པོ་འདས་ཏེ་གཟུགས་ཅན་སྙིང་པོ་རྒྱལ་པོ་རྒྱལ་སྲིད་ལ་མངའ་གསོལ་རྗེས་སྐྱེད་མོས་ཚལ་འཕྲོགས་པ་ལས། ཁྱིམ་བདག་ཁྲོས་ཏེ་ཤི་ནས་སྐྱེད་ཚལ་དེའི་ནང་སྦྲུལ་གདུག་པ་ཅན་རྒྱལ་པོར་རྒྱུན་དུ་གླགས་འཚོལ་བ་ཞིག་ཏུ་སྐྱེས། དེ་ནས་སོས་ཀའི་དུས་ལ་བབ་པ་དང་། རྒྱལ་པོ་གཟུགས་ཅན་སྙིང་པོ་བུད་མེད་ཀྱི་ཚོགས་དང་བཅས་ཚལ་དེར་ཕྱིན་ཏེ་དགའ་བའི་རྩེད་མོ་ཉམས་སུ་མྱོང་བར་བྱས་ཟིན་ནས། རྒྱལ་པོ་གཉིད་ལོག་ཅིང་བཙུན་པོ་གཅིག་ཁོ་ནས་རལ་གྲི་ཐོགས་ཏེ་རྒྱལ་པོ་སྲུང་། གཞན་ཐམས་ཅན་ཕོ་བྲང་དུ་ལོག་པར། སྦྲུལ་དེ་ཚང་ནས་ལངས་ཏེ་རྒྱལ་པོ་གསོད་དུ་བྱུང་ཡང་། རྒྱལ་པོའི་བསོད་ནམས་མཐུས་བྱ་ཀ་ལནྟྭ་རྣམས་ལ་དྲིན་གསོ་ཕྱིར་འོད་མའི་ཚལ་གྱིས་ཡོངས་སུ་བསྐོར་བས། དེ་ནས་བཟུང་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལནྟྭ་ཀ་གནས་པ་ཞེ་ས་ཡོངས་སུ་གྲགས་ཤིང་། ཕྱིས་བཅོམ་ལྡན་འདས་ལ་ཕུལ།
དེ་རྗེས་ཡང་། མཉན་ཡོད་དུ་ཁྱིམ་བདག་བཟང་སྦྱིན་གྱིས་བཅོམ་ལྡན་འདས་དུར་ཁྲོད་བསིལ་བ་ཚལ་བཞུགས་པ་དང་མཇལ་ཞིང་། ཡུལ་མཉན་ཡོད་དུ་འབྱོན་པར་ཞུས་པར། ཁྱོད་ཀྱི་ཡུལ་དུ་གཙུག་ལག་ཁང་ཡོད་ན་འོང་ངོ་ཞེས་ཞལ་གྱིས་བཞེས་པ་ལྟར། ཁྱིམ་བདག་བཟང་སྦྱིན་གྱིས་ཐབས་སྣ་ཚོགས་སྤྱད་ནས་རྒྱལ་པོ་གསལ་རྒྱལ་གྱི་སྤུན་རྒྱལ་བྱེད་ཀྱི་ཚལ་གསེར་གྱིས་ཉོས་ཤིང་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བར་གྲགས་པ་དེ་ཡིན་ལ། སྐྱེད་མོས་ཚལ་དེ་དག་ཇི་ལྟ་བུར་ཞིག་ཡིན་སྙམ་ན། ས་གཞི་ཡངས་ཤིང་རི་དེའུ་འབུར་དང་། སྤང་ཁོད་སྙོམས་པར་ཡུར་བ་བརྒྱད་ལྡན་སྐྱེས་པ། ཁང་བཟང་དང་། ར་བ་དང་། ཁྱམས་དང་། ཆུའི་རྫིང་བུར་པདྨ་དང་། ཆུ་ཕྲན་ལ་ཟམ་གྱི་བཀོད་པ་ཁྱད་པར་ཅན་སོགས་ཀྱིས་མཛེས་པ། ཉིན་མོར་བྱ་ཀ་ལནྟྭ་སོགས་ཀྱི་སྒྲ་སྙན་པོར་གྲགས་པ་ལ་གཞན་གྱི་ཀུ་ཅོ་ཉུང་བ། མཚན་མོ་གཅོམ་ཞིང་ཁམས་དྭངས་པ། ཚ་གདུང་དང་། ལྷགས་པ་དང་། དུག་སྦྲང་དང་སྦྲུལ་སོགས་ཀྱི་འཚེ་བ་མེད་པ། མཐོང་བ་ཙམ་གྱིས་ཡིད་དགའ་བར་བྱེད་པས་ན་ཀུན་དགའ་ར་བ་ཞེས་མིང་དུ་ཐོགས་པ་དེ་ཡིན། །
དེ་བཞིན་འཕགས་ཡུལ་དུ་སྟོན་པ་ཞལ་བཞུགས་སྔ་རྗེས་སུ་བཞེངས་པའི་གཙུག་ལག་ཁང་དང་སྐྱེད་མོས་ཚལ་གྲགས་ཆེ་བ་དང་། གཙུག་ལག་ཁང་ཆེན་པོ་བཅུ་དྲུག་དང་། ཁང་ཕྲན་དྲུག་ཅུ་ཅན་གྱི་ནྱ་གྲོ་དྷའི་ཀུན་དགའ་ར་བ་དང་། ཚངས་པས་བསྐོར་བའི་སྐྱེད་མོས་ཚལ་དང་། རེ་ཏི་ཀའི་སྐྱེད་མོས་ཚལ་དང་། ཀོོཤམྦྷྲར་གདོང་ཅན་གྱི་ཀུན་དགའ་ར་བ་ཚལ་དང་། འཚོ་བྱེད་ཀྱི་ཀུན་དགའ་ར་བ། ཨ་མྲའི་ཚལ་ནག་པོ་གྲོང་གི་གཙུག་ལགཁང་དང་། ཡངས་པ་ཅན་སྤྲེའུ་རྫིང་འགྲམ་གྱི་ཁང་བརྩེགས་སོགས་ཡིན་པར་བཤད།
བོད་དུ་གཙུག་ལག་ཁང་ལ་བཞེངས་སྔ་བ་སྲོང་བཙན་སྒམ་པོའི་དུས་ཀྱི་ཁྲ་འབྲུག་སྒྲོལ་མ་ལྷ་ཁང་དང་། ལྷ་ལྡན་གྱི་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་། རྒྱ་སྟག་ར་མོ་ཆེ་སོགས་མཐའ་འདུལ་དང་ཡང་འདུལ་གྱི་གཙུག་ལག་ཁང་བརྒྱ་རྩ་བརྒྱད། བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་བསམ་ཡས་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གླིང་བཞི་གླིང་ཕྲན་ཇོ་མོ་གླིང་གསུམ་དང་བཅས་པ། ཁྲི་རལ་པ་ཅན་གྱི་སྐབས་བཞེངས་པའི་འུ་ཤང་རྡོ་དཔེ་མེད་བཀྲ་ཤིས་དགེ་འཕེལ་གྱི་གཙུག་ལག་ཁང་། བོད་བཟོ་སྐྲུན་གྱི་ཕུད་དང་རྒྱན་ལྟ་བུ་ཕྱི་བོད་རྒྱལ་པོའི་ཕོ་བྲང་ལ་ནང་དུ་ནང་པ་སངས་རྒྱས་པའི་གཙུག་ལག་ཁང་གི་རྣམ་པ། གསང་བ་ལྟར་ན། གསང་བ་བླ་ན་མེད་པའི་དཀྱིལ་འཁོར་གྱི་འགྲོས་དང་ཡོངས་སུ་མཐུན་པའི་ཕོ་བྲང་པོ་ཏ་ལ་དང་། མངའ་རིས་ཀྱི་གུ་གེའི་ཕོ་བྲང་སོགས་ཡོད།
སྐྱེད་མོས་ཚལ་ལ་གྲགས་ཆེ་བ་ལྷ་སའི་ནོར་བུ་གླིང་དང་གཞིས་རྩེའི་བསྐལ་བཟང་ཕོ་བྲང་དང་། གེ་སར་རྒྱལ་པོའི་རྟོགས་བརྗོད་ལས་བཤད་པའི་འདུ་ར་སྟག་ཐང་ཁྲ་མོ་དང་། རྩྭ་ར་པདྨ་སྟོང་ལྡན་རྣམས་ཡིན་ལ། དེ་རེ་རེ་ལའང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དུ་མ་རེ་ཡོད་པ་ཐམས་ཅད་བརྗོད་ཀྱི་མི་ལང་ཡང་། དེ་དག་སྤྱིའི་གྲུབ་ཆ་ལ།
གཙུག་ལག་ཁང་ཕྱིའི་བཀོད་པར། རྡོ་གཅལ། རྡོ་སྐས། རྩིག་པ། གྱང་། སྤེན་བད། སྟེང་ཁེབས། ཆུ་ཕྲུ་གུ་སྐྱོར། ཨར་ཀ་ས་འབུར། གློ་འབུར། སྒོ་ཆེན་ཕྱི་མ། མདུན་འབུར་གྱི་ཕྱི་ཀ། ཀ་རྡོ་བརྐོས་མ། སྒོ་སྟེང་བསིལ་ཁང་གི་སྐར་བཀྲ། ཀ་བའི་སྟེང་ཀ་སྟོད་བབ་ལེན་ཀ་ཉི། བྲ། འབེན་ལོག གདུང་སྟན། གླང་སྣ་ཆུ་སྲིན་མ། གདུང་མ། གདུང་ཁེབས། ཕྲེང་བ། པདྨ། པད་ཁེབས། སྤྲིན་ཆུང་། མཆོད་བརྩེགས་འབུར་མ། མཆོད་བརྩེགས་ཀོང་མ། བབས་ཁེབས། ལྕམ་སྐེ། ཁང་ཤིང་། བྱིན་རྩེ། བབས་རྐྱང་། བབས་བསྐུམ། གབ་སྤང་། ལྕམ་བཀག སྤེན་བད། སྤེན་རྒྱན་ལ། རྣམ་བཅུ་དབང་ལྡན། རླུང་མེ་ཆུ་ས་དང་རི་རབ་བཅས་བརྟེན་པའི་རྣམ་པ་ལྔ། འདོད་གཟུགས། གཟུགས་མེད། ཉི་ཟླ་བཅས་ནམ་མཁའི་གཡོ་བའི་རྣམ་པ་བཞི། ༼ འདི་ལ་འགའ་ཞིག་ཏུ་ཆ་ལྡན་བྱེད་ཆེད་འདོད་གཟུགས་གཅིག་ཏུ་བཀོད་པའང་སྣང་། ༽ཐིག་ལེ་དང་ཚེག་དྲག། ཐབས་དང་ཤེས་རབ་ཀྱི་མཚོན་བྱེད་ཡི་གེ་ཨེ་ཝྃ་གཉིས། དབྱངས་ཅན་མ་ལུགས་ཀྱི་ཡི་གེ་ཨ་དང་ཨི་སོགས་རྒྱས་བསྡུས་སྣ་ཚོགས། ས་དགྲ་སོགས་མི་མཐུན་པ་ཟ་ཞིང་དགེ་ལེགས་ཐམས་ཅད་ལེན་པའི་རྟེན་འབྱུང་གི་གཟུགས་འགྲོས། ཁྱུང་སྦྲུལ་བཟུང་བ་། བདེ་གཤེགས་མཆོད་རྟེན་བརྒྱད། བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། འདོད་ཡོན་རྣམ་ལྔ། ཆུ་སྲིན། འབྲུག གཡུང་དྲུང་། ཚོགས་བདག་སོགས་དང་། གཞན་ཡང་སྟང་སེང་ཁྱུང་འབྲུག་གི་དགྲ་བླ་བཀོད་པ་སོགས་མཐའ་ཡས་པ་འབྱུང་ངོ་། །
གཙུག་ལག་ཁང་སྟ་ཟུར་གྱི་རྒྱན་ཆུ་སྲིན། སྟེང་རྒྱན་རྒྱ་ཕེབས་འོག་ཏུ་ཟུར་རྒྱན་སེང་གེ་དང་ཤང་ཤང་སོགས། ལོགས་བཞིར་བྲེ་འདེགས་གླང་སྣ་རྒྱས་པ་ལ་སུམ་འཁོར། དེ་སྟེང་བྲེ་སྤུངས་སུམ་འཁོར། དེ་སྟེང་གླང་སྣ་ལྔ་འཁོར། དེ་སྟེང་གླང་སྣ་བདུན་སྐོར། དེ་སྟེང་ཕག་སྣ་བརྒྱད་སྐོར། དེ་སྟེང་བྲ་སྟེགས་བྱ་འདབས་གདུང་མ། ཤར་ནུབ་གཉིས་སུ་བྲེ་སྤུངས་གླང་སྣ་སུམ་བརྩེགས་སྟེང་ཕག་སྣ་རེ་བཅས་བྲེ་སྤུངས་ལྔ་རེ། དེ་སྟེང་ཟངས་གསེར་གྱི་རྒྱ་ཕིབས་རུས་སྦལ་གཟུགས་སྟེང་དུ་གཉྫུ་རའི་གདན་དཔང་རྒྱུག་ཅན། དབུས་སུ་གཉྫུ་ར། ཕྱོགས་གཉིས་སུ་ཤང་ཤང་ཟུང་གིས་ལྕགས་ཐག་གིས་གཉྫུ་བཟུང་བའི་ཚུལ་རྒྱ་ཕིབས་ལ་ཆུ་འཛར། ཟེ་ཏོག ཡང་ན་མཐའ་བཞི་ཆུ་སྲིན། དྲིལ་བུ་བཅས་ཀྱིས་བརྒྱན་པ། རྒྱ་ཕིབས་མདུན་དབུས་སུ་རི་དྭགས་ཆོས་འཁོར། གཙུག་ཁང་སྟེང་གི་ཟུར་བཞིར་མི་ནུབ་པའི་རྒྱལ་མཚན། མཚམས་སུ་བ་དང་རྔ་ཡབ་ཟུང་དུ་འཇུག་པའི་ཐུག རྩེ་བརྒྱད་ཉེམ་ལྕམས་ལས་གྲུབ་པ་བཅས་ཀྱིས་མཛེས་པར་བརྒྱན་པའོ། །
གཙུག་ལག་ཁང་སྤྱིའི་བཀོད་པ་ལ། འཆམ་ར། ཀུན་དགའ་ར་བ། རྡོ་སྐས། ཕྱིའི་སྒོ་ཆེན་གྱི་ཁྱམས། ཚོམས་ཆེན་སྒོ་ཁྱམས། ཕྱིའི་སྐོར་ཁང་། གློ་འབུར་གྱི་ཁྱམས། ཚོམས་ཆེན། སྒོ་སྟེང་བསིལ་ཁང་། བླ་ཆེན་གྱི་གཟིམ་ཤག མགོན་ཁང་ངམ་སྲུང་མ་ཁང་། གསེར་ཁང་ངམ་ལི་མ་ལྷ་ཁང་། དཔེ་མཛོད་ཁང་། རྒྱ་མཐོང་། རྒྱབ་ཏུ་གནྡྷོ་ལའམ་ལྷ་ཆེན་ཁང་། ལོགས་སུ་རུང་ཁང་། རུང་དུ་མགྲོན་ཤག མཛོད་ཁང་། གཉེར་ཁང་། བཤད་གྲྭ། སྒྲུབ་གྲྭ། བཤད་གྲྭར་ཆོས་ར། སྒྲུབ་གྲྭ་ལ་སྒྲུབ་ཁང་། གྲྭ་ཤག་བཅས་སོ། །
གཙུག་ལག་ཁང་ཕྱི་ནང་གི་ཚོན་དང་རྒྱན་རིས་ལ། ལྷ་ཁང་ཕྱི་ལ། ས་དཀར་དང་ས་དམར་གྱི་རྩི། ས་སྐྱ་ལུགས་ཀྱི་ལྷ་ཁང་ཕྱིའི་རྩིག་ངོས་ལ་ས་དཀར། ས་དམར། ས་སྔོན་གསུམ་གྱི་རི་མོ། ལྡེབས་ཞལ་རེ་འགའ་རྒྱ་མཚོ་ཆུའི་རྦ་རླབས་སུ་གྲགས་པའི་ཆུ་རིས་ལྟ་བུ་དམིསག་བསལ་ཅན། ལྷ་ཁང་དང་ཁྱམས་སུ་ལྡེབས་རིས། ཀ་བར་ཆུ་བྲག་རི་མོ། ཀ་སྟོད་དུ་དང་ཕྲེང་། ཐུར་དུ་པ་ཏྲ། ཀ་སྟོད་བབ་ལེ། བྲ། འབེན་ལོག་གདུང་སྟན། གླང་སྣ་ཆུ་སྲིན་མ། གདུང་མ། གདུང་ཁེབས། ཕྲེང་བ། པདྨ། པད་ཁེབས། ལྕམ། ལྕམ་བཀག ཕྱམ། ཁང་ཤིང་། བྱིན་རྩེ། བབས་རྐྱང་། བབས་བསྐུམ། བག་སྤང་། སྤེན་བད། རྒྱ་མཐོང་སྟེང་གི་སེང་གཡབ་བཅས་ཤིང་བརྩེགས་བཅོ་ལྔ་ཡན་ལ་རྒྱས་ཚད། ལྔ་ཙམ་བསྡུས་ཚད་དུ་བྱེད་པའི་ཀ་སྟོད་བབ་ལེ་པ་ཏྲ། བྲར་པད་སྤུངས་དང་འཁྱིལ་བ་ཤུག་ཅན། འབེན་ལོག་ཙི་པར་སྣ་ཚོགས། གཞུ་བབ་གཟུགས་མཐོང་སྒོ་ཁྱིམ་ཕན་ཚུན་འབྲུག་གྱེན་ལངས་སོགས་ནམ་མཁའི་མཛོད། གདུང་སྟན་རྡོ་རྗེ་ཕྲེང་བ། གླང་སྣ་ཆུ་ཁྲིན་མ། གདུང་མ་གྲུ་ནར་ཀྱོང་དོད་དབུས་རིག་གསུམ་མགོན་པོའི་སྙིང་པོ་སོགས་གསུངས་སྔགས་རིགས་ཀྱི་ལཉྫ་ཤ་ཆེན་དང་ཚིགས་རྒྱན་པ་ཏྲ། གདུང་ཁེབས་ལ་རྡོ་རྗེའི་ར་བ། རིན་པོ་ཆེ་གྲོལ་བ་ཅན་ནམ་མུ་ཏིག་དཀར་པོའི་ཕྲེང་བ་འབུར་མ། པདྨ་གེ་སར་ཁ་པདྨ་འདབ་མ་གསེར་ཤན་ཅན། པད་ཁེབས་ལ་སྤོས་རྒྱའི་རི་མོ། མཆོད་བརྩེགས་འབུར་ཀྱོང་གཉིས་ལས། སྔ་མ་བབས་བརྐྱང་མའི་གདོང་ལ་སྣ་ཚོགས་རྡོ་རྗེས་བབས་ལེགས་བརྒྱན་པ། བབས་ཁེབས་ལ་པ་ཏྲ་མེ་ཏོག་མ། བབས་བསྐུམ་པའི་གདོང་ནོར་བུ་དབང་གི་རྒྱལ་པོ་མེ་རི་མ། བབས་ཁེབས་ལ་ས་གཞི་མཛོད་ཀྱི་རྒྱལ་པོ་འདབ་མ་བརྒྱ་པ། ཕྱམ་སྣེ་ལ་སངས་རྒྱས་སྟོང་གི་སྐུ་བརྙན་དང་ཡང་ན་སྣ་ཚོགས་པདྨ་འདབ་མ་བཞི་པ། ལྕམ་བཀག་ལ་ཤིང་ལོ་པ་ཏྲ། གནམ་གཅལ་ལ་དཀྱིལ་འཁོར། མཐོང་གྲོལ་མཆོད་རྫས་སོགས་བཀོད། རྒྱ་མཐོང་ཁར་སྒྲུབ་བརྒྱུད་ཤིང་རྟའི་བླ་བརྒྱུད། སེང་གཡབ་ལའང་གོང་སྨོས་རི་མོ་རྣམས་དགོད། སྒོ་ཆེན་ལ། སྒོ་རུར་འབྲུག་གྱེན་ལོག། སྟེང་དུ་སེང་གེ་བརྒྱད། གླང་ཆེན་བརྒྱད་སོགས་འབུར་བརྐོས། ཡང་ན་གྲུབ་མཐའ་དང་ཆོས་སྒོ་རང་ལ་བསྟོད་ཚིགས་སྒོ་བྱང་རྒྱན་རིས་གྱིས་སྤྲས་པ་སོགས་སྣ་ཚོགས།
གཞན་ཡང་། ལྕགས་ཁྲ། ཟངས་ཁྲ། བུམ་པ། གའུ། ལྕགས་ཐག ཨ་ལུང་། མཛོ་སྣ། དཀྲི་ལྕགས། སྒོ་འཕར། སྒོ་བཤན་གསེར་ཚགས་ཅན། སྒོ་བཤན་ར་མ་ལུག སྒོ་བཤན་དངུལ་དཀྲོལ་ཅན། སྒོ་ལྕག་དངུལ་ཚགས་ཅན་སོགས་སྒོའི་ཡོ་བྱད་དང་། གཙུག་ལག་ཁང་དུ། གནམ་རྒྱལ་ཡོ་བྱད་ལ། བླ་བྲེ། ཕུར་མ། དྲ་བ་དྲ་ཕྱེད། གདུགས། རྒྱལ་མཚན། ཀ་འཕན། ཀ་འཐུམས། བླ་སེར་གྱི་ཉེར་སྤྱོད། ཁྲི། མདུན་ཅོག སྒམ་ཁྲི། དཀྱིལ་འཁོར་བཤམ་སྟེགས། རྡུལ་ཚོན་སྟེགས་བུ་སོགས་གཙུག་ལག་བཟོ་སྐྲུན་གྱི་ལག་ཏུ་གཏོགས་པའི་རིགས་ཀྱི་ཐ་སྙད་རྣམས་སོ། །