ཐང་གའི་བཟོ་དབྱིབས་ཐོག་མར་ཅི་ལྟར་དར་ཚུལ་བཤད་པ།

ཚངས་དབང་དགེ་འདུན་བསྟན་པ།        2013-08-07

ཐང་ག་ནི་བོད་ཡུལ་ནས་དར་བའི་རི་མོའི་འབྲི་སྟངས་ཤིག་ཡིན་ཞིང་། ཕྱི་གླིང་གི་སྣུམ་ཚོན་རི་མོ་དང་། པར་སིག་གི་ཞིབ་བྲིས་རི་མོ། རྒྱ་ནག་གི་རྒྱལ་སྲོལ་རི་མོ་བཞིན་རང་རྐྱ་འཕེར་བའི་རི་མོ་ཞིག་རེད། ད་ཆར་འཛམ་གླིང་སྟེང་ཐང་ག་ཟེར་དུས་ཚང་མས་བོད་དང་འབྲེལ་བ་ཡོད་པའི་སྒྱུ་རྩལ་ཞིག་ཡིན་པ་ངོས་འཛིན་བྱེད་བཞིན་ཡོད། གཙོ་ཕལ་གྱི་དབྱེ་བ་ཙམ་ལས་ཡིན་པའང་དེ་འདྲ་རང་རེད། འདི་ཇི་ལྟར་དར་ཚུལ་དང་བཟོ་དབྱིབས་སོགས་ལ་བཤད་ལུགས་མི་འདྲ་བ་མང་དུ་མཆིས་མོད།.སྐབས་འདིར་ཐང་གའི་བཟོ་དབྱིབས་ཇི་ལྟར་བྱུང་ཚུལ་དེའི་སྐོར་བཤད་རྩིས་ཡོད། འདིའི་སྐོར་དམིགས་བསལ་དུ་བཤད་དགོས་པའི་རྒྱུ་མཚན་ནི།  ཉེ་ཆར་རྒྱ་ནག་གི་མཁས་པ་ཞེ་ཅིས་ཧྲིན་སོགས་ཀྱིས་ཐང་ག་འདི། རྒྱ་ནག་ནས་དར་བར་བཤད།.ཁོ་ཚོས་དེ་ལྟར་བཤད་པའི་ཁུངས་ལུང་དང་རྒྱུ་མཚན་ཉག་ཅིག་ནི་ཐང་གའི་བཟོ་དབྱིབས་ནི་རྒྱ་ནག་གི་འཕན་གྱི་བཟོ་སྟངས་ལ་དཔེར་བླངས་ནས་དར་བར་བཤད་དོ།།  དེ་ནི་རྒྱ་ནག་ནས་དར་བའི་རྒྱུ་མཚན་གཙོ་བོ་དེ་ཙམ་རེད།  ངས་བལྟས་ན།ཐང་གའི་གོང་གཤམ་དང་བཟོ་དབྱིབས་ནི་བོད་བཙན་པོའི་སྐབས་ཀྱི་རུ་དར་ ལས་བྱུང་བར་འདོད། རུ་དར་བྱ་བ་ནི་དམག་དར་ལ་གོ་ཞིང་། རྒྱལ་མཚན་དང་དོན་གཅིག་ཡིན། འོན་ཀྱང་། དེང་སང་གི་རྒྱལ་མཚན་དེ་རྒྱ་ཡི་གདུགས་བརྩེགས་མའི་དབྱིབས་ལྟར་བྲིས་པ་ནི་རྒྱ་ སྲོལ་ཡིན་ལ། བོད་ཀྱི་རྒྱལ་མཚན་གྱི་དབྱིབས་དངོས་ནི་རུ་དར་རམ་དར་ཕྱྭ་དང་འཕྱར་དར་ཡིན་པ་ འཇུ་མི་ཕམ་གྱི་སྙན་འགྲེལ་དུའང་གསུངས་ཡོད། བོད་ཀྱི་ལོ་རྒྱུས་ཡིག་ཚང་དང་གནའི་ལྡེབས་རིས་ཁག་ཏུ་བཙན་པོའི་སྐབས་སུ་གཡུལ་འགྱེད་ལ་འགྲོ་དུས་རུ་དར་འཕྱར་ནས་བསྐྱོད་པ་དང་། རུ་དར་སྟེང་དུ་རང་རང་གི་དགྲ་ལྷ་དང་ཡང་ན་བླ་རྟེན་སེང་གེ་དང་།འབྲོང་། སྟག  ཁྱུང་སོགས་ཀྱི་རི་མོ་བྲིས་ནས་རྔམ་བརྗིད་དང་བཅས་གཡུལ་བཤམས་པར་གྲགས་ཤིང་། སྲོལ་ལུགས་དེ་ད་ལྟའི་བར་མ་ཉམས་པར་གསོན་པོར་གནས་པ་ནི། དབྱར་ཁའི་དུས་སུ་ཆོས་སྐོར་དུ་འགྲོ་སྐབས་ལག་ཏུ་རུ་དར་འཕྱར་ཞིང་རྒྱབ་ཏུ་ཆོས་ དཔེ་འཁུར་ནས་ཞིང་ཁའི་བར་ཚིགས་རྣམས་སུ་སྐོར་བ་རྒྱག་སྲོལ་མཆིས་པ་དེ་རེད། སྐབས་དེའི་རུ་དར་གྱི་རྣམ་པ་ནི་དར་ལྕེ་ཡོད་མེད་ཙམ་ལས་དེ་བྱིངས་ནི་གྲུ་བཞི་ ཡིན་ཞིང་། བརྒྱ་ཆའི་དྲུག་ཅུ་ཟིན་པའི་དབུས་ནི་དཀར་པོ་ཡིན་ལ་དེའི་ངོས་སུ་རང་རང་གི་ སྐྱེས་ལྷའམ་སྲུང་མ་དང་། དགྲ་ལྷ། བཙན་ལྷ། རླུང་ལྷ་སོགས་བྲིས་ཡོད་ལ། དེའི་མཐའ་ཤན་དུ་རིམ་པ་གསུམ་གྱིས་བརྒྱན་པའི་དང་པོ་ནི་དམར་པོ་དང་། གཉིས་པ་སེར་པོ། གསུམ་པ་སྔོན་པོ་ཡོད་པ་ནི་ཐང་གའི་གོང་གཤམ་གྱི་བཟོ་དབྱིབས་བརྒྱུད་རིམ་དང་ཤིན་ཏུ་འདྲ་བར་སྣང་། སྔོན་གྱི་བཙན་པོའི་ལྷ་ཁང་རྙིང་པའི་ལྡེབས་རིས་ཀྱི་བཀོད་པ་ཡང་རུ་དར་གྱི་ཁ་དོག་དང་དབྱིབས་ཀྱང་འདི་དང་མཚུངས་ཤིང་། དེང་སང་ཡང་འདུ་ཁང་དང་བཙན་ཁང་ལྟ་བུ་གསར་བཞེངས་བྱེད་སྐབས་རྩིག་ལོགས་ངོས་སུ་ལྡེབས་རིས་མ་བཞེངས་ཡར་སྔོན་དུ་གོང་དུ་བཤད་པའི་རུ་དར་གྱི་བཟོ་ལྟ་བཞིན་དབུས་ སུ་དཀར་རྩི་དང་།  མཐའ་ཤན་དུ་དམར་པོ་དང་། སེར་པོ། སྔོན་པོ་བཅས་རིམ་གྱིས་བཀོད་ཡོད། འོ་ན་ཐང་གའི་གོང་གཤམ་གྱི་དབྱིབས་ནི་སྲིད་རིང་ཞིང་ཞེང་ཐུང་བ་དང་། རུ་དར་གྱི་དབྱིབས་ནི་གྲུ་བཞི་ཡིན་པས་མི་འགྲིག་གོ་སྙམ་ན། ཐང་གའི་རི་མོའི་ལོ་རྒྱུས་འཕེལ་རིམ་ལ་གཞིགས་ན། ཐོག་མར་རས་བྲིས་ཐང་ག་ལས་ལྡེབས་རིས་ལོགས་ཐང་འདི་དར་བ་ཡིན་པ་རྩོད་མེད་ཡིན་ཙ་ན། དང་ཐོག་གྲུ་བཞིའི་རྣམ་པ་ནས་རིམ་གྱིས་འགྱུར་བར་སེམས། དེ་མིན་གནའ་དུས་ཀྱི་རྒྱའི་དར་འཕན་ནི་སྲིད་རིང་ཞིང་ཞེང་ཧ་ཅང་དོག་པས་གོང་གཤམ་གྱི་དབྱིབས་དང་གནམ་སའི་ཁྱད་པར་ཡོད། གལ་ཏེ་འཚེམ་བཟོའི་ལག་རྩལ་ལ་བཤད་པ་ཡིན་ན་མི་ཤེས།. འོན་ཀྱང་།  བོད་ལ་དེའི་སྐབས་སུ་དེ་འདྲའི་འཚེམ་བཟོའི་ལག་རྩལ་མེད་པ་སུས་ཀྱང་བཤད་དཀའ་འོ།། གཞན་ཐང་གའི་རས་གཞིའི་སྐོར་ལ། ཞེ་ཅིས་ཧྲིན་གྱིས།  སོ་མ་རཱ་ཛཱ་ནི་རྒྱ་གར་སྐད་ཡིན་ཞིང་། རྒྱ་སྐད་དུ་(大麻)བྱ་བ་ནི་《བོད་རྒྱ་ཚིག་མཛོད་ཆེན་མོ་》ཡི་ནང་དོན་ལྟར་གོ་བ་ལེན་པ་འདྲ་ཡང་། རྒྱའི་གསོ་རིག་གི་གཞུང་རྣམས་སུ་སོ་མ་རཱ་ཛཱ་ལ་(黄葵子)བྱ་བ་དང་། སྲོ་མ་ར་ཙ་ལ་(大麻仁)ཞེས་བྲིས་ཡོད་དེ། དེ་གཉིས་སྒྲ་མཚུངས་པ་ལས་དོན་མི་གཅིག་གོ །  རས་འཐག་པ་ནི་སྲོ་མ་ར་ཙ་བྱ་བ་འདི་ཡིན་པ་༼ཤེལ་གོང་ཤེལ་ཕྲེང་༽དུ་གསལ་ལོ།།

     རེབ་གོང་ས་ཁུལ་དུ་དྲུག་པའི་ལྷ་ཟླ་ཆེན་མོའི་ཀླུ་རོལ་རྩེད་སྐབས་གཞི་བདག་རྣམས་ཀྱི་ཐང་ག་དར་ཤིང་ཐོག་ཏུ་བཀལ་ཏེ་མདུན་དུ་བསྐྱོད་པ་སོགས་གནའ་རབས་དམག་གི་འགྲོ་སྟངས་ཀྱི་གོམས་སྲོལ་ནི་ད་ལྟའི་བར་མ་ཉམས་པར་ཡོད།  གོང་གི་གནས་ཚུལ་དེ་འདྲ་ཡིན་པ་གནས་ཚུལ་གསལ་བོ་ཞིག་སྟེ།སླེ་ལུང་བཞད་པའི་རྡོ་རྗེའི་༼དམ་ཅན་བསྟན་སྲུང་གི་རྣམ་ཐར༽ལས།  བྷ་ཏ་ཧོར་གྱི་སྒོམ་གྲ་བཅོམ་ནས་རྒྱལ་པོ་སྤྱན་འདྲེན་པའི་ཕོ་ཉར་བཀའ་བསྒོས་པ་ན་ལྷ་སྲས་ཀྱིས་སློབ་དཔོན་ཆེན་པོར་གསོལ་བ་བཏབ་པས་སློབ་དཔོན་ཆེན་པོས་རྗེ་འབངས་ཐམས་ཅད་ཀྱིས་མཐོང་བར་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་རྟ་བདག་བརྒྱད་དང་།  མགོ་བརྙན་སྣ་ཚོགས་ཡོད་པའི་གནོད་སྦྱིན་བྱེ་བའི་ཚོགས་སྤྲིན་ཕུང་གཏིབས་པ་ལྟར་བཀུག་སྟེ་ལྷ་སྲས་ཀྱི་གྲོགས་མཛད་དགོས་པར་གཉེར་དུ་གཏད།  དེའི་ཚེ་ཐ་མི་མགོན་བཙོན་གྱིས་རྣམ་སྲས་ཀྱི་བཀོད་པ་རྣམས་འཕྱར་དར་ལ་རི་མོ་བྲིས། སློབ་དཔོན་གྱིས་རབ་གནས་མཛད་པས་རྒྱལ་པོའི་བླ་དར་དུ་གྲགས།  ཞེས་གསལ་བ་དེར་བལྟས་ནའང་།  གོང་དུ་ངས་བཤད་པའི་རུ་དར་དང་འབྲེལ་བ་མངོན་གསལ་ཡིན་པ་ཆུ་ལ་ཆུ་བཞག་གི་ཚུལ་དུ་མཚུངས་འདུག་གོ།གཞན་༼ཆོས་འབྱུང་མཁས་པའི་དགའསྟོན༽དང་། ༼བཀའ་ཐང་སྡེ་ལྔ༽ལས་ཀྱང་། གོང་གི་ལོ་རྒྱུས་དང་མཚུངས་པའི་གནས་ཚུལ་འཁོད་ཡོད་པ་སྣང་ཡང་།  ཡི་གེར་འཇིགས་ནས་འདིར་འགོད་མ་ནུས་སོ།། མདོར་ན་ཐང་གའི་བཟོ་དབྱིབས་ནི།  བོད་ཀྱི་རུ་དར་ལས་འཕེལ་རྒྱས་བྱུང་ནས་དར་བ་ཞིག་རེད་འདོད་དེ་བརྟག་པར་བྱའོ།།

  • ལེ་ཚན་སྔོན་མ།:ཀརྨ་སྒར་བྲིས་བྱུང་ཚུལ།
  • ལེ་ཚན་རྗེས་མ།:གཙུག་ལག་ཁང་དང་སྐྱེད་མོས་ཚལ་ཀུན་དགའ་ར་བའི་སྐོར་བཤད་པ།
  • དོ་སྣང་ཆེ་བའི་རྩོམ།