རྡོ་བཟོ།

        2012-08-09

བོད་འདིར་སྔ་རབས་སྤྱི་ལོའི་གོང་གི་ལོ་ཉིས་བརྒྱའི་སྔོན་ནས་རྡོ་བརྩིགས་ཀྱི་ཁང་པ་དང་།རྡོ་བརྐོས་རི་མོ་སྣ་ཚོགས་བྱེད་ཤེས་པ་རེད།  འབྲེལ་ཡོད་ལོ་རྒྱུས་ཡིག་རིགས་ནང་བཀོལ་པ་ལྟར་ན།རྒྱལ་པོ་གཉའ་ཁྲི་བཙན་པོའི་དུས་ཕོ་བྲང་ཡུམ་བུ་བླ་སྒང་རྡོ་རྩིག་གིས་བཞེངས་པ་དང་།པོ་ཏ་ལའི་ཕོ་བྲང་ཡང་རྡོ་རྩིག་གིས་བཞེངས་པའི་མཐོ་ཚད་བོད་ལུགས་ཀྱི་ཐོག་སོ་དགུ་ཡོད་པ་དང་།རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་གཙུག་ལག་ཁང་རྩིག་སྐབས་ཐོག་སོ་འོག་མ་བོད་ལུགས་རྡོ་རྩིག་ཡིན།གཞན་ཡང་རྡོ་ལ་ཡི་གེ་དང་ལྷ་སྐུ་བཅས་བརྐོ་བའི་ལག་རྩལ་ནི་ཐོག་ཡིན་རུང་།རྡོ་ལ་རི་མོ་སྣ་ཚོགས་བརྐོ་བའི་ལག་རྩལ་ནི་སྤྱི་ལོའི་དུས་རབས་དང་པོའི་ཡས་མས་ནས་ཤེས་ཡོད།
གཞན་ཡང་ཡོན་རྒྱལ་རབས་ཀྱི་སྐབས་སུ་བཞེངས་པའི་ས་སྐྱའི་ལྷ་ཁང་ཆེན་མོ་དང་།ཞ་ལུ་ལྷ་ཁང་ཆེན་མོ།མིང་རྒྱང་རབས་ཀྱི་སྐབས་སུ་བཞེངས་པའི་རྒྱལ་རྩེ་དཔལ་འཁོར་ཆེས་སྡེའི་ལྷ་ཁང་དང་།རྡོ་རྩིག་གི་མཆོད་རྟེན་ངོ་མཚར་ཅན་རྣམས་ལ་གཟིགས་ན་སྐབས་དེ་དག་གི་དུས་ནས་བོད་ཀྱི་རྡོ་བཟོའི་ལག་རྩལ་ཆུ་ཚད་མཐོན་པོ་ཡོད་པ་རྟོགས་ཐུབ།ད་ཡོད་པོ་ཏ་ལའི་ཕོ་བྲང་དཀར་པོ་དང་ཕོ་བྲང་དམར་པོ་གསར་བཞེངས་སྐབས་བོད་ཡོངས་ཀྱི་རྡོ་བཟོ་མཁས་པ་མང་ཆེ་བ་བསྡུས་པའི་ནང་རིམ་བཞིར་ཕྱེ་འདུག རིམ་པ་དང་པོ་དབུ་ཆེན་ཡིན་ཞིང་།དེའི་ལས་འགན་ནི་ཤིང་བཟོ་ཆེན་མོ་དང་མཉམ་འབྲེལ་གྱིས་ཁང་པའི་འཆར་འགོད།ས་བཀྲ་བཟོ་རྒྱུ།རྡོ་བཟོ་བྱིངས་ལ་རྩིག་བཟོའི་བཀོད་འདོམས་བྱ་རྒྱུ།རྩིག་བཟོའི་ཐིག་ཚད་གཏན་འཁེལ་བྱེད་རྒྱུ།བཅག་དངོས་སོགས་གལ་ཆེའི་རྩིག་པ་རྣམས་རང་ཉིད་ངོ་མས་རྩིག་རྒྱུ་བཅས་ཡིན།རིམ་པ་གཉིས་པ་ནི་དབུ་ཆུང་ཡིན་ཞིང་།དེའི་ལས་འགན་གཙོ་བོ་ལས་ཡུལ་དངོས་སུ་འགོ་ནས་མཇུག་བར་རྩིག་པ་རྒྱག་རྒྱུ་དང་།དབུ་ཆེན་ལ་རོགས་རམ་གྱི་ལས་འགན་སྒྲུབ་རྒྱུ་ཡིན།རིམ་པ་གསུམ་པ་ནི་བྱིངས་གྲས་ཡིན་ཞིང་།ཁོ་ཚོའི་ལས་འགན་ནི་རྩིག་པ་གལ་ཆེའི་གྲས་ཕུད་པའི་གནད་ཆུང་བའི་རིགས་རྣམས་རྩིག་རྒྱུ་དང་།རྩིག་རྡོ་དགོས་པའི་རྡོ་ཆེན་བཟོ་དབྱིབས་སྣ་ཚོགས་བཟོ་བཅོས་བྱེད་རྒྱུ།རྡོ་རིང་དང་རྡོ་སྐས་ལ་དགོས་པའི་རྡོ་ཆེན་བཟོ་རྒྱུ།རྡོ་བརྐོས་རི་མོ་སྣ་ཚོགས་བརྐོ་རྒྱུ་བཅས་ཡིན།རིམ་པ་བཞི་པ་ནི་དཀྱུས་མའི་གྲས་ཡིན།ཁོ་ཚོའི་ལས་འགན་ནི་རྩིག་བཟོར་དགོས་པའི་རྡོ་ཆེན་བཤག་ལས་དང་།རྡོ་རྩིག་བར་གྱི་ཅབ་ལྷེ་བཟོ་རྒྱུ།རྩིག་པའི་བར་སྟོང་རྒྱོང་བྱེད་རྡོ་ཧྲུག་ཆེ་ཆུང་སྣ་ཚོགས་བཟོ་རྒྱུ།རྡོ་གཡམ་བཟོ་དབྱིབས་འདོན་རྒྱུ་བ
ཅས་ཡིན།པོ་ཏ་ལའི་ཕོ་བྲང་དམར་པོ་བཞེངས་སྐབས་བོད་ཡོངས་ཀྱི་རྡོ་བཟོ་མཁས་པ་ཡོད་ཚད་བསྡུས་པའི་ནང་དབུ་ཆེན(རྒྱ་སྨོན་དར་རྒྱས)མི་གཅིག དབུ་ཆུང(དོལ་རྣམ་ལི་ལི་སོགས)མི་བདུན་ཡོད་པ་བཤད།བྱིངས་གྲས(ཟ་དམ་དགོས་འདོད་སོགས)མི་བརྒྱ་དང་ཞེ་ལྔ་ཡོད་ཅིང་།དཀྱུས་མའི་གྲས(གུ་རུ་སྐྱབས་སོགས)མི་གྲངས་གཉིས་བརྒྱ་ཉི་ཤུ་རྩ་གཅིག་ཡོད་པ་རྣམས་ཀྱི་སྐྱེ་ཡུལ་དང་མིང་བཅས་ཞིབ་པ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་གསེར་གདུང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག་ནང་གསལ་པོ་བཀོད་ཡོད།(རྩོམ་སྒྲིག་པ་བདེ་ཆེན་དབང་མོ།)
  • ལེ་ཚན་སྔོན་མ།:འདབ་པ་རྫོང་སྡེ་གསར་གྲོང་གི་ཤིང་ཕོར་རྐོ་པའི་ལག་རྩལ་དང་དེའི་བརྒྱུད་འཛིན་པ་བློ་བཟང་།
  • ལེ་ཚན་རྗེས་མ།:མི་ཉག་ཕྱོགས་ཀྱི་རྡོ་རྩིག་ལག་ཤེས།
  • དོ་སྣང་ཆེ་བའི་རྩོམ།