བསླ་བཟོའི་ལག་ཤེས།
བོད་ཀྱི་ལག་ཤེས་ཀུན་འདུས་ཆེན་མོ། 2011-03-25
༡ བསླ་བཟོའི་སྤྱི་བཤད།
བོད་ཀྱི་བསླ་བཟོ་ལ། ཡི་གེ་བསླས་པ་དང་། རི་མོ་པ་ཏྲ་བསླས་པ། སྐུད་པ་བསླས་པ། སྨྱུག་མ་བསླས་པ། ཀོ་སྐུད་ཀྱི་བསླས་པ། རྟ་རྔའི་བསླས་པ་སོགས་རྣམ་གྲངས་ཤིན་ཏུ་མང་བ་ལས། རྣམ་བཅུད་དབང་ལྡན་ནི། དཔལ་ལྡན་དུས་ཀྱི་འཁོར་ལོའི་སྣོད་བཅུད་ཕྱི་ནང་གཞན་གསུམ་གྱི་སྙིང་པོ་གཅིག་ཏུ་བསྡུས་པའི་ལཉྫའི་ཡི་ཧཀྵམལཝར་ཡོ་བཅས་ཡི་གེ་བདུན་དང་ཡི་གེ་གཟུགས་འགྱུར་བ་ལས་སྣ་ལྡན་ནམ་ཟླ་ཚེས། ཐིག་ལེ། སྲོག་ཡིག་ཨ་མཚོན་པའི་ནཱ་ད་དང་བཅས་པའི་ཡི་གེ་བཅུ་བརྩེགས་མར་བསླས་པ་སྣ་ཚོགས་པདྨའི་སྟེང་དུ་ཟླ་བ་དཀར་པོ། ཉི་མ་དམར་པོ། སྒྲ་གཅན་སྔོན་པོ། དུས་མེ་སེར་པོ་བཅས་ཀྱི་གདན་བཞིར་འབྱུང་བ་རིམ་བརྩེགས་ཀྱི་རང་མདོག་སྟེ། རླུང་གི་ས་བོན་ཡ་ནག་པོ(ལྗང་ཁུ་ཞེས་ཀྱང་གསུངས)། མེའི་ས་བོན་ད་དམར་པོ། ཆུ་ཡི་ས་བོན་དཀར་པོ། སའི་ས་བོན་ལ་སེར་པོ། མ་འདོད་ཁམས་འདོད་ཡོན་ལྔ་མཚོན་བྱེད་ཁ་དོག་ལྔ་ལྡན་ནམ་བརྟན་པ་རི་རྒྱལ་གྱི་ས་བོན་ཕྱོགས་མདོག་སྟེ་ཤར་ནག ལྷོ་དམར། བྱང་དཀར། ནུབ་སེར། དབུས་ལྗང་གུའོ། །གཡོ་བ་འདོད་གཟུགས་དང་སྣ་ཚོགས་པདྨའི་ས་བོན་ཀྵ་ལྗང་ཁུ(དཀར་པོར་ཡང་གསུངས། )གཟུགས་མེད་བཞི་ནི་ས་བོན་ཧ་མགོ་བོ་དང་བཅས་པ་སྔོན་པོ་ཟླ་ཚེས་སྣ་ལྡན་སྲོག་ཟླ་བའི་ས་བོན་དཀར་པོ། ཐིག་ལེ་རོ་ཉི་མའི་ས་བོན་དམར་པོ། ནཱ་ད་ནམ་མཁའི་ས་བོན་སྔོན་པོས་མཚན་པའོ། །
ཡང་རྟེན་གཞལ་ཡས་ཁང་གི་འོག་གཞི་རླུང་མེ་ཆུ་སའི་དཀྱིལ་འཁོར་བཞི་ཡ་ར་ལ་ཝ། རི་རབ་གཞལ་ཡས་ཁང་བཅས་པ་མ། བརྟེན་པ་སྐུ་གསུངས་ཐུགས་ཀྱི་ལྷ་རྣམས་ཀྵ། ཐུགས་དཀྱིལ་གྱི་ལྷ་རྣམས་ཧ། བདེ་ཆེན་འཁོར་ལོའི་ལྷའི་སྐུ་གསུང་ཐུགས་ཟླ་ཚེས་ཐིག་ལེ་ནཱ་ད་སྟེ། བརྟེན་པའི་ལྷ་ཚོགས་མཚོན་པར་བྱེད་པ་སོགས་དཔག་མེད་འབྱུང་ཞིང་།འདི་ནིད་ཁམས་གསུམ་འཇིག་རྟེན་སྣོད་བཅུད་ཐམས་ཅད་བསྡུས་པའམ་མཚོན་བྱེད་ཡིན་པས། གཙུག་ལག་དང་ཁང་ཁྱིམ་གྱི་རྩེར་བཏགས་པས་ས་དཔྱད་ངན་པ་གནོན། གཟའ་སྐར་ངན་པའི་གནོད་པ་སྲུང་། ཁྱིམ་དུ་འཆང་ན་རྐྱེན་ངན་དང་བར་ཆད་བཟློག་ནས་དགེ་ཞིང་བཀྲ་ཤིས་པར་བྱེད་པར་གསུངས་པ་དེ་ཡིན་ལ།
རྣམ་བཅུད་དབང་ལྡན་ལ། རས་གཞི་སོགས་ཀྱི་གཞིར་གོང་གི་ཁ་དོག་ལྟར་ཚོན་གྱིས་བྲིས་པར། བཀྲ་རྩི་ཡོད་མེད་སྣ་ཚོགས་དང་དེ་བཞིན་སྐྱོ་འབུར་ཅན་དང་། རྡོ་དང་ཤིང་སོགས་ལ་བརྐོས་པ་དང་། འདག་གིས་སྤར་བ་དང་། ཚོན་སྐུད་ཀྱིས་བཙེམས་པ། ལྷན་དྲུབ་བྱས་པ་དང་། གུར་དང་ཡོལ་བ་སོགས་ལ་རས་ནག་པོར་དྲས་ཏེ་དྲུབ་པ་དང་། ཟངས་ལ་མགར་ཏེ་ཚ་གསེར་བྱས་པ་དང་། དེང་གི་རྒྱུ་ཆ་སྣ་ཚོགས་ལས་བཟོས་པའི་བཤམ་བྱ་དང་། དགར་བྱ་དང་། གདག་བྱ་དང་རྒྱན་བཀོད་དང་ལུས་ཀྱི་སྲུང་བ་སོགས་ལཉྫ་ན་བརྩེགས་མར་བསླས་པའི་རིགས་ཤིན་ཏུ་མང་བ་དེའོ། །
དཔལ་བེའུ་ནི། བཀྲ་ཤིས་པའི་རྟགས་མཚན་བརྒྱད་ཀྱི་རི་མོ་ལས་སངས་རྒྱས་ཀྱི་ཐུགས་ཐོག་མ་མེད་པའི་ཡེ་ཤེས་ཆེན་པོ་མཚོན་བྱེད་དེ། ཚོན་གྱིས་བྲིས་པ་དང་། གོས་དར་རས་སོགས་དྲས་དྲུབ་དང་། བཏགས་པ་དང་། ཤིང་སོགས་ཀྱི་བསླས་སྤྲད་དང་། ཚོན་སྐུད་ཀྱིས་དཀྲིས་པ་དང་། མགར་བ་དང་། ལུགས་སུ་བླུགས་པའི་བསླས་རིས་ཀྱི་རིགས་སོ། །
གཡུང་དྲུང་ནི། བོད་ལུགས་སུ་རབ་ཏུ་བརྟན་ཅིང་འགྱུར་བ་མེད་མཚོན་བྱེད་ཀྱི་རི་མོ་སྟེ། སྐྱོ་འབུར་སོགས་ཀྱིས་གཡུང་དྲུང་ལག་བསླས་ཞེས་བསླས་ཚུགས་ཅན་གྱིས་བྲིས་པ་དང་། བརྐོས་པ་དང་། སྐར་ཁྲ་སོགས་ལ་ཤིང་གི་བསླས་སྤྲས་ཅན་དང་། གདན་སོགས་སུ་བཏགས་པ་དང་། ཟངས་རག་གི་སྣོད་དང་གདུང་མའི་པད་སྐྱོར་སོགས་ཀྱི་ལྕགས་རི་མཐའ་ཤན་རིགས་ལ་བཀོད་པ་མང་པ་དེའོ། །
ཚོན་གྲུག་ནི། པ་ཏྲའི་རིགས་ཀྱི་བར་དང་མཚམས་སུ་དཀར་བཅད་གསུམ་མདངས་ཀྱི་ཚོན་གྱི་སྡེབ་སྦྱོར་ཁ་དོག་གི་སྒོ་ནས་སྐུད་པའི་གྲུ་གུའི་རྣམ་པར་བསླས་ཚུལ་དུ་བྲིས་པའི་པ་ཏྲའི་རིགས་ཤིག་སྟེ། དེ་ལ་དབྱིབས་དང་རྒྱས་བསྡུས་ཀྱི་དབྱེ་བ་མང་ངོ་། །
འཚོ་བའི་སྤྱོད་ཆས་རིགས་ཀྱི་བསླས་མའི་རིགས་ལ། སྨྱུག་ཐུར་དང་ཚོན་སྐུད་ཀྱིས་བསླས་པའི་ཤུབས་ཀྱི་རིགས། སྨྱུག་མ་དང་སྦ་བས་བསླས་པའི་མར་དང་ཐུད་སོགས་ཀྱི་སྣོད་དང་། སྨན་སྒྲུབ་སོགས་བླུག་སྣོད་ཀྱི་སྨྱུག་གཤགས་དཀར་ནག་དམར་གསུམ་གྱིས་བསླས་པའི་སྨྱུག་པར་རིགས་དང་། མོག་ཕྲུ་དང་། སྨྱུག་མ་དང་། ཡང་ན་འབྲི་ཤིང་གི་ཡལ་ག་སྦོམ་པོ་ལེགས་ཆུར་སྦངས་པ་གཤགས་ནས་བསླས་པའི་སློ་མ་དང་། ཚགས། སླེ་པོ་མཉེན་ཤིང་རིགས་ཀྱི་རྐུབ་སྒྲོག་ཅན་དང་ར་བཞི་ཅན་དང་ར་མེད་པ་སོགས་ཤིང་གི་རིགས་ལས་བསླས་པ།
ཀོ་བ་དཀར་དམར་སོགས་ཀྱིས་བསླས་པའི་ལྕག་ཚན་གྱི་ཚར་ལོ་དང་། ལྡེ་མིག་གི་འཕན་དང་གྲིའི་ཡུ་བ་སོགས་ཀྱི་རྒྱ་མདུད། སྒྲོ་བའི་རྐུབ་ཀྱི་ཀོ་སྒྲོག་དམར་ནག་ཤོ་བསྒྲིགས་སོགས་རྒྱུ་ཀོ་བ་ལས་བསླས་པའི་རིགས་སོ། །
གཞན་ཡང་སྟོང་སྐུད་ཀྱིས་བསླས་པའི་འཕན་དང་རྟའི་རྔ་མ་ལས་བསླས་པའི་དྲ་བ་དྲ་ཕྱེ་དང་། རྩིད་པ་དཀར་ནག་དང་ར་སྤུའི་སྐུད་པ་སོགས་ཀྱིས་བསླས་པའི་རྟའི་སྐེ་ཐག་དང་འུར་རྡོ་སོགས་ལ་ཆུ་མིག་དགུ་སྒྲིལ་དང་མདུད་པ་དགུ་སྒྲིལ་བསླ་རྩལ་གྱི་ལག་ཤེས་ངེས་ཅན་ཞིག་མེད་ན་བཟོ་དཀའ་བའི་ལག་ཤེས་མི་ཉུང་བ་ཕིག་ཡོད་ནའང་རི་མོ་དང་མགར་བླུག་རྐོ་དཀྲོལ་སོགས་ཀྱི་ལག་ཤེས་གཞན་དུ་སོང་ཕིང་འདིར་སྨྱུག་ཐུར་བལ་སྐུད་གཉིས་ཀྱི་ཤུབས་སྣ་ཚོགས་རྒྱན་རིས་བཅས་བསླ་ཐབས་ཙམ་ལས་བཀོད་མ་ཐུབ་པས་སླད་མར་བོད་ཀྱི་ཤེས་བྱ་ཕྲ་ཞིང་ཕྲ་བར་མོས་པའི་སྨྱུག་ཐོག་པས་ཡི་གེ་ཁ་བསྐང་དང་། ལག་ཤེས་སྦྱོང་མཁན་གྱིས་བསླ་བཟོ་རྒན་པོའི་ལག་ལེན་ལས་ཤེས་པར་བྱའོ། །
༢ ཤུབས་ཀྱི་རིགས་བསླ་ཐབས།
ཤུབས་ཀྱི་རིགས་བསླ་ཐབས་ནི། མཆོད་ཆས་སིལ་སྙན་དང་། སྦུབས་ཆལ། དྲིལ་བུ། ཏིང་ཤང་ལྟ་བུ་དང་། གཞན་ཡང་དཀར་ཡོལ་སོགས་ཆག་སྐྱོན་འབྱུང་སླ་བའི་རིགས་རྣམས་སྲུང་སྐྱོང་ཐུབ་པའི་ཤུབས་བཟོ་ཐབས་ཀྱི་ལག་ལེན་གནའ་བོའི་ལག་རྩལ་ལ་བརྟེན་ནས་བཟོ་ཚུལ་གྱི་དམར་ཁྲིད་ལ་དགུ།
༡ ཐོག་མར་བཟོ་བྱེད་ཕྱོགས་རྒྱུན་འཁྱོངས་ཀྱི་རྒྱུ་ཆ་ནི། སྨྱུག་མ་དང་། སྐུད་པ། ཁབ་ལྕིབས་ཙམ་ལ་བརྟེན་ནས་བཟོ་ཆོག་པའི་སྟབས་བདེ་ཞིང་མཛེས་ཉམས་ལྡན་པའི་སྒྱུ་རྩལ་གྱི་ཁྱད་ཆོས་དང་ལྡན་པ་ཞིག་ཡིན།
༢ སྐུད་པ་ལ་ཚོས་ལྡན་གཅིག་ཁོ་ན་ཆོག་མོད་ཀྱང་། རི་མོ་སྣ་ཚོགས་དོད་པའི་སྒྱུ་རྩལ་གྱི་ཉམས་དང་ལྡན་པར་བྱ་འདོད་ན། སྐུད་པ་རྩ་བའི་ཁ་དོག་འབྱུང་བ་ལྔའི་ཁ་དོག་དང་མཐུན་པར་དཀར་སེར་དམར་སྔོ་ལྗང་གུ་བཅས་དང་། གཞན་ཡང་ནག་པོ་དང་། སྐག་མདོག ལི་ཁྲིའི་མདོག བཙོད་མདོག དམར་སྐྱ། ཙན་དན་མདོག་སོགས་ཁ་དོག་སྣ་ཚོགས་འཛོམས་ན་ཤིན་ཏུ་མཛེས་ཤིང་། རི་མོ་ལ་ཉམས་དང་གཟི་མདངས་ལེགས་པར་མངོན་ཐུབ།
༣ སྨྱུག་མ་ཞིབ་པར་གཤགས་ཏེ་ཚན་པ་མཉམ་དུ་བསྡུས་ཏེ་དྲུབ་དགོས། དེ་ཡང་ཤུབས་བཟོ་ཡུལ་གྱི་ཆེ་ཆུང་ལ་བལྟོས་ཏེ་སྨྱུག་མའི་ཕྲ་སྦོམ་དང་། །མང་ཉུང་གཏོང་དགོས་ཏེ། དངོས་པོ་ཆེ་བ་ཞིག་གི་ཤུབས་ཡིན་ན་རི་མོ་རགས་པ་མངོན་དགོས་སྟབས་སྨྱུག་མ་རྣམས་ཅུང་སྦོམ་པ་དང་། ཚན་པ་ཆེ་ཙམ་གྱིས་བཟོས་ན་རི་མོ་བཀྲ་ལ། མཐུག་པར་འགྱུར་བ་དང་། དགང་སླ་བ་སོགས་ཀྱི་ཁྱད་ཆོས་ཡོད། དེ་ལས་ལྡོག་ཏེ་དངོས་པོ་ཆུང་ངུ་ཏིང་ཤང་ལྟ་བུ་ཞིག་གི་ཤུབས་བཟོ་བར་འདོད་ན། རི་མོ་ཞིབ་དགོས་སྟབས་སྨྱུག་མ་ཞིབ་པར་གཤགས་དགོས་ལ་ཚན་པའང་ཉུང་ངུར་བཟོས་ཏེ་དྲུབ་ན་བསྐོར་བ་མང་དུ་སྐོར་དགོས་སྟབས་རི་མོ་གང་གཏོད་པའི་ཟུར་རྣམས་གསལ་པོར་འདོན་ཐུབ་པས་བརྗིད་ཉམས་ལེགས་པར་གདོན་ཐུབ།
༤ སྐུད་པ་ཕྲ་སྦོམ་ཡང་དངོས་པོ་ཆེ་ཆུང་ལ་བལྟོས་ཏེ། དངོས་པོ་ཆེ་བར་སྐུད་པ་སྦོམ་པོ་ཡིན་ན་དགང་སླ་ལ། མཐུག་པོར་འགྱུར་བས་སྲ་མཁྲེག་ལྡན་པའི་ཁྱད་ཆོས་ཀྱང་ཡོད། དངོས་པོ་ཆུང་ངུའི་ཤུབས་ལ་སྐུད་པ་ཕྲ་ན་རི་མོ་ལེགས་པོར་གཏོད་ཐུབ་པ་དང་། ཤུབས་ཏེ་དངོས་པོ་དང་འཚམ་པའི་སྲབ་མཐུག་རན་པར་འོང་བ་ཡིན། དངོས་པོ་ཆེ་བར་ཤུབས་སྲབ་པར་གྱུར་ན་ཤུབ་དེས་རང་རྐྱ་མི་ཐུབ་སྟབས་དངོས་པོ་དེ་སྲུང་སྐྱོབ་ལེགས་པོ་མི་ཐུབ་ལ། དངོས་པོའི་དབྱིབས་ཇི་ལྟར་བར་ཤུབས་གནས་མི་ཐུབ་པས་མིག་ལམ་ལའང་མི་མཛེས། དངོས་པོ་ཆུང་ངུ་ཤུབས་མཐུག་དྲགས་ན། མི་ཆུང་ངུ་ལ་གོས་ཆེན་པོ་བསྐོན་པ་ལྟར་མིག་ལམ་ལ་མི་མཛེས་ཤིང་། རི་མོའི་ཉམས་ཟུར་ཡང་ལེགས་པོར་གཏོད་མི་ནུས་པར་གདོས་ཆེ་བས་སྤྱོད་ཀྱང་མི་བདེ་བར་འགྱུར་བས་དངོས་པོའི་ཆེ་ཆུང་ལ་གཞིགས་ནས་སྐུད་པ་ཕྲ་སྦོམ་འདེམ་སྒྲུག་ལེགས་པར་ཐོན་དགོས།
༥ འབུར་དོད་ཀྱི་རི་མོ་དང་ཚོན་རིས་གཉིས་ལས། འབུར་དོད་ནི་དམིགས་གསལ་གལ་ཆེ་བ་ཡོད་སར་རིམ་པ་འོག་མ་བསྐོར་ནས་དྲུབས་ཚར་བའི་སྟེང་དུ་སླར་ཡང་དཀྲིས་གཅིག་གམ་གཉིས་སྟེང་རིམ་བཞིན་དྲུབས་ན་ལེགས་པ་མ་ཁའི་སྟེང་ཁ་ལེབ་འཕྲད་མཚམས་དང་། འཁོར་ལོའི་ཕྱི་ནང་དང་། པདྨ་ཕྱི་ནང་གི་ཟླུམ་སྐོར་སོགས་ལ་ཆེས་མཛའ་བ་ཡིན་ནོ། །ཚོན་རིས་ནི། པདྨ་མཆོག་བརྩེགས་འཁོར་ལོ་རྩིབས་དགུ། པད་མ་འདབ་བརྒྱད། གཡུང་དྲུང་ལག་སྦྲེལ། རྒྱ་ནག་ལྕགས་རི་རིགས་འགའ། འཇའ་ཚོན་ལྔ་རིས། དྲ་བ་དྲ་ཕྱེད་། རྒྱ་གྲམ་སོགས་འབྲི་སྲོལ་ཡོད། དེ་ཡང་སྦུབ་ཆལ་ལྟ་བུའི་ཤུབས་ལ། ཀླད་སྦུབ་ཀྱི་སྟེང་དུ་གནམ་འཁོར་ལོ་རྩིབས་བརྒྱད་ཀྱི་གུར་ཁང་དང་། འོག་གདན་ལ་ས་པདྨ་འདབ་བརྒྱད་ཀྱི་གདན་དང་། མཐའ་སྐོར་གྱི་ལོགས་རྣམས་སུ་གཡུང་དྲུང་ལག་སྦྲེལ་ལམ་རྒྱ་ནག་ལྕགས་རི་སོགས་འབྲི་སྲོལ་ཡོད། ཡང་དྲིལ་ཤུབས་ལྟ་བུ་མཚོན་ན། མཐོ་སར་མཆོག་བརྩེགས་དང་། སྟེང་དུ་པད་ཁེབ་དང་། ལྟོ་བར་དྲ་བ་དྲ་ཕྱེད་དམ་འཕན་སྒྲིག་ལྟ་བུ་གང་མོས། མཐའ་རུ་རྒྱ་ནག་ལྕགས་རི་སོགས་དང་། འོག་གདན་ལ་པདྨ་འདབ་བརྒྱད་ཀྱི་མཐའ་སྐོར་དུ་རྒྱ་ནག་ལྕགས་རིའམ་དབང་པོའི་གཞུ་རིས་ཀྱང་གཏོད་སྲོལ་ཡོད། ཡང་ཌ་མ་རུ་ལྟ་བུའི་ཕན་ཚུན་མཉམ་པའི་རིགས་ལ་མགོ་མཇུག་ཏུ་ཕྲ་སྦོམ་མེད་པའི་རིགས་ལ་ཕྱོགས་གཉིས་ཀར་རི་མོ་འདྲ་མཚུངས་ཕབ་པ་ལས་ཡ་མ་ཟུང་བཀོད་ན་མི་མཛེས་པ་ཡིན་ནོ། །
༦ བཟོ་སྟངས་ཀྱི་སྐོར། དངོས་པོ་གང་ཞིག་གི་ཤུབས་བཟོ་ཚེ་ཐོག་མར་སྨྱུག་མའི་ཟླུམ་ཀོར་ཆུང་ངུ་ཞིག་སྐུད་པར་ཡོངས་སུ་དཀྲིས་ཏེ། དེའི་ཕྱིན་སྐུད་པ་ཁབ་ལ་བརྒྱུས་ཏེ་རེ་རེ་བཞིན་གཡས་བསྐོར་དུ་སྨྱུག་ཞིབ་ཚན་པ་བཏང་སྟེ། དེ་ལ་སྐོར་དྲུབ་བྱས་མཐའ་ལ་འབུད་དགོས། དེ་ཡང་ཐོག་མ་ནས་ཕྱོགས་བཞི་མཚམས་བརྒྱད་དང་། སྟོད་སྨད་བར་གསུམ་གྱི་ཆ་ཚད་ལེགས་པར་བགོས་ཏེ་རྟགས་འདེབས་པ་དང་། རི་མོ་ཇི་ལྟར་བཀོད་ན་ལེགས་མིན་དང་། རི་མོའི་ཤོང་ཚད་། ཁ་གང་ཚད་སོགས་དང་བསྐོར་དྲུབ་ཀྱི་གྲངས་དང་། ཚོན་མདོག་རེ་རེས་ཁབ་ཚིགས་ཇི་ཙམ་རེ་ཁེབ་དགོས་པ་སོགས་ཀྱི་གྲངས་རྩིས་ཐོག་མ་ནས་ངེས་པ་གལ་ཆེ།
༧ ཚོན་མདངས་ཀྱི་སྒྲིག་སྟངས་ནི། ཕལ་ཆེར་གྱི་གཞི་དཀར་པོས་བཟོས་པ་དར་ཁྱབ་ཆེ་ཞིང་། དཀར་ནག་གཉིས་ཁོ་ནས་བཟོས་པ་མང་དུ་སྣང་ནའང་དེ་ནི་ཆ་རྐྱེན་འཛོམས་མིན་གྱིས་ཡིན་པ་ལས་དགོས་ངེས་མ་ཡིན། ཚོན་མདོག་སྣ་ཚོགས་ཡོད་ན་རང་རང་ལ་འཕྲོད་མིན་ལ་མ་བལྟོས་པར་བཏང་ན་གཟི་མདངས་ཉམས་དང་ལྡན་པ་ཞིག་ཏུ་འགྱུར་མི་ཐུབ། དེས་ན་གནའ་བོའི་ངག་རྒྱུན་ལྟར། དཀར་ནག་ཚོན་གྱི་སྤྱང་གུ་ཡིན། རྔམས་ཅིག་འདོན་ན་ཁོ་ལ་ཡོད། དཀར་དམར་ཚོན་གྱི་བཙུན་པ་ཡིན། མཛེས་ཤིག་འདོན་ན་ཁོ་ལ་ཡོད། །དམར་སེར་མཚོན་གྱི་བཙུན་པ་ཡིན། །མཛེས་ཤིག་འདོན་ན་ཁོ་ལ་ཡོད། དཀར་སེར་ཚོན་གྱི་སྤྲ་པོ་ཡིན། །བསེར་ཕིག་འདོན་ན་ཁོ་ལ་ཡོད། ། ཅེས་སོགས་ཀྱིས་མཚོན་ཚོན་མདངས་སྒྲིག་སྦྱོར་གྱི་བླང་དོར་མ་འཆོལ་བར་གྱུར་ན། གསོན་ཉམས་དང་ལྡན་པི་རི་མོ་སྣ་ཚོགས་འབབ་པར་འགྱུར་རོ། །
༨ཕྲན་ཚེགས་ཀྱི་ཆ་ལག་ར་སྐྱི་ལྗང་ཁུ་དང་དམར་པོ། ཆབ་མགོ་ཆབ་ལྕེ། ལུང་ཐག་སོགས་འོས་ཤིང་འཚམས་པ་ཚགས་སུ་ཚུད་རྗེས་གཟོད་བྱ་བའི་མགོ་བརྩམས་ན། ཕུན་སུམ་ཚོགས་པ་འབྱུང་བར་འགྱུར་རོ། །
༩ ལག་ལེན་སྐབས་སུ་སྨྱུག་མ་རྣམས་ཆུར་སྦངས་ཏེ་ཞག་གཉིས་ཙམ་བཞན་ན། དབྱིབས་འདོད་པ་ལྟར། འབུར་གཤོང་ཡངས་དོགས་ལེགས་པར་གཏོང་ཐུབ་པར་ཕན་པ་ཡོད། ཚོན་ཅན་གྱི་སྐུད་པ་རྣམས་གཅོད་མཚམས་མང་ན་མི་ལེགས་པས་མཆོག་བརྩེགས་ལྟབུའི་སྐོར་ལམ་རེའི་སྐུད་པ་ཁབ་ཚིགས་བཞི་ལྔ་ལྟ་བུ་ཡིན་ན། སྨྱུག་ཕྲན་དང་མཉམ་དུ་སྐུད་པ་བརྐྱངས་ཏེ་ཕྱིར་མི་མངོན་པར་བཏང་ན་ལེགས་པར་འགྱུར་ཞིང་། རི་མོའི་ཉམས་དང་ལྡན་ཞིང་སྐྱེ་བོའི་ཡིད་འཕྲོག་པའི་སྒྱུ་རྩལ་མངོན་པར་འགྱུར་རོ། །ཤུབས་ཀྱི་རིགས་ཀྱི་བསླ་ཐབས་འདི་ནི་ཉན་ཤུལ་འཇམ་དབྱངས་གྲགས་པའི་གསུང་ལས་བླངས་པའོ། །