རྫ་མ་བཟོ་ཡས་ཀྱི་རྒྱུ་ཆ།

དབྱངས་ཅན་གྱིས་བསྡུས།        2010-12-21

རྫ་ཆས་མ་བཟོས་གོང་འདག་བག་ཧ་ཅང་ནན་པོས་བརྗིས་དགོས་ཤིང་།རྫ་མའི་སྤུས་ཚད་ལེགས་མིན་ཡང་གཙོ་བོ་ལག་རྩལ་ཡིན་པར་ཕུད།ད་དུང་འདག་བག་ལའང་རག་ལས་ཀྱི་ཡོད།རྫ་བཟོའི་ལག་ཆ་ནི་སྟབས་ཧ་ཅང་བདེ་པོ་ཞིག་ལས་མེད་དེ།གཙོ་བོ་རྫ་པར་དང་།འཁོར་ལོ།སྨྱུག་ལེབ་བམ་ཤིང་ལེབ་བཅས་གསུམ་ཡིན།(ཆུང་ཙག་རྣམས་འདིར་བྲིས་མེད།)དེ་ཡང་ལག་པས་ནན་པོས་བརྫིས་པའི་འདག་བག་རྣམས་རྫ་པར་ལ་གཡོག་རྗེས་འཁོར་ལོའི་སྟེང་བཞག་ནས་རྐང་པས་འོག་ནས་འཁོར་ལོ་བསྐོར་བ་དང་།ལག་པས་སྟེང་ནས་སྨྱུག་ལེབ་བམ་ཤིང་ལེབ་ཀྱི་ཆུ་དང་སྡེབ་ནས་འཇམ་ཤ་ལེན་གྱི་ཡོད་པ་རེད།རྫའི་མཆུ་ལུང་ཁ་གསུམ་ལ་རྫ་པར་མེད་ཅིང་།ལག་པས་གཏོར་མ་བཞེངས་པ་བཞིན་བཟོས་ནས་འཇམ་ཤ་བླངས་ན་འགྲིག
རྫ་པར་ཞེས་པ་དེའང་རྫ་མཁན་རང་ཉིད་ཀྱིས་བཟོས་པའི་རྫ་མཐུག་པོ་ཞིག་ཡོད་ཅིང་དེར་ཆེ་ཆུང་སྣ་ཚོགས་ཡོད་ཐོག་བཟོ་ལྟ་ནི་ལྕགས་ཁོག་གི་ཞྭ་མོ་དང་འདྲ་ལ་ཁོག་ལྡིར་སོགས་ལ་སྟེང་པར་དང་འོག་པར་ཞེས་གཉིས་ཡོད་པར་རེ་རེ་བརྒྱབ་རྗེས་དཀྱིལ་དུ་སྦྱར་ཁ་རྒྱག་གི་ཡོད།རྫ་མ་བཟོས་ཚར་རྗེས་ཉི་མའམ་མེ་ཕུང་ཆུང་ཆུང་གི་སྟེང་ཅུང་ཟད་སྐམ་རྗེས་ཡ་ལ(ས་དམར་ཞིག)བླུགས་ནས་སླར་ཡང་ཉི་མར་སྐམ་བཅུག་དགོས་པ་རེད། རྒྱུས་མེད་འགའ་ཞིག་གིས་རྫའི་མདོག་དམར་པོ་དེ་མེ་ལ་བསྲེགས་པས་དམར་པོ་ཆགས་པར་ངོས་འཛིན་བྱེད་ཀྱི་འདུག་ཀྱང་དོན་དུ་ཡ་ལ་བྱུགས་རྗེས་དམར་པོ་ཆགས་པ་དང་རྫ་མེ་ལ་བསྲེགས་པས་དེ་བས་དམར་མདངས་ལེགས་སུ་འགྲོ་ཡི་ཡོད།རྫ་བཟོ་བའི་དུས་ཚོད་ཡག་ཤོས་ནི་དཔྱིད་དབྱར་སྟོན་གསུམ་ཡིན་པ་དང་དགུན་ཁ་བཟོས་པའི་རྫ་ནི་ཇི་ལྟར་བྱས་ཀྱང་འཁྱགས་ལ་ཤོར་གྱི་ཡོད་པས་དགུན་རྫ་ཞེས་སྤུས་ཀ་ཞན་པར་བརྩི།རྫ་བཟོ་བའི་ལག་རྩལ་ལེགས་ཉེས་ཀྱི་ཁྱད་པར་ནི་གཙོ་བོ་རྫའི་བཟོ་ལྟ་ལེགས་ཉེས་དང་།རྫ་ཇི་ཙམ་སྲབ་པ་དེ་ཙམ་ལྟོ་འཁོལ་བདེ་བས་རྫ་སྲབ་མཐུག འཇམ་ཤ་དོད་མིན་བཅས་གསུམ་ཡིན་པ་དང་།རྫ་ཆས་ལའང་རིམ་པ་མཐོ་དམན་ཡོད་པ་ནི།དཔེར་ན།དེ་སྔོན་ལུགས་རྙིང་སྐབས་གསོལ་ལྡིར་ཞེས་དཔོན་པོའི་གསོལ་ཇ་བླུགས་ས་དང་།སྐྱ་ལྡིར(འདི་རྫ་ཁམན་གསར་པས་སྦྱང་དུས་བཟོས་པ)ཞེས་སྤྲང་པོའི་ཇ་བླུགས་ས་སོགས་དབྱེ་བ་ཡོད་པ་ལྟ་བུ་ཡིན།ད་དུང་ཁོག་ལྡིར་གྱི་མཆུ་ཏོར་འབྲུག་དང་།ཆུ་སྲིན་སོགས་བརྒྱབ་པའི་རྫ་ཆས་དེ་དག་ལག་རྩལ་ཅུང་མཐོ་བའི་རྫ་མཁན་ཚོས་མ་གཏོགས་བཟོ་མི་ཤེས་པ་རེད།དེང་དུས་མི་ཚང་མ་དཔལ་འབྱོར་གྱི་ཡོང་འབབ་རྩིས་རྒྱག་རྒྱུར་མཁས་པོ་ཡོད་པས་གཡུ་རྫ་གཅིག་བཟོ་བའི་དུས་ཚོད་ལ་སྤྱིར་བཏང་གི་རྫ་བཅོ་ལྔ་བཟོས་ཚར་གྱི་ཡོད་པ་དང་།གཡུ་རྫ་གཅིག་གི་རིན་དང་སྤྱིར་བཏང་གི་རྫ་བདུན་གྱི་རིན་གཅིག་མཚུངས་ཡིན་པས་སྤྱིར་བཏང་གི་རྫ་བཟོས་ན་གཡུ་རྫ་བཟོས་པ་ལས་ཡོང་འབབ་ལྡབ་གཅིག་ལྷག་ཙམ་གྱི་མང་བ་ཡོང་གི་ཡོད་པས་སོ།
  • ལེ་ཚན་སྔོན་མ།:ཧོར་པོའི་མགར་གྱི་བཟོ་རྩལ་ལག་ཤེས།
  • ལེ་ཚན་རྗེས་མ།:སྡེ་དགེ་པར་ཁང་གི་ཤོག་བུ་བཟོ་རྩལ།
  • དོ་སྣང་ཆེ་བའི་རྩོམ།