གཅིག སྡོད་གནས་ཀྱི་སྐོར།
ཡུལ་ཤུལ་ས་ཁུལ་ནི་རོང་འབྲོག་གཉིས་ལས་གཙོ་བོ་འབྲོག་ལས་གཉེར་མཁན་མང་ཞིང་། འབྲོག་པ་ནི་ཕྱུགས་ཟོག་ལ་བརྟེན་ནས་འཚོ་བ་རོལ་བས། དུས་བཞིར་རྩྭ་ཆུ་གར་ཡོད་དུ་བསྙེགས་ནས་ཡུལ་སྤོ་རེས་བྱས་ཏེ་འཚོ་སྐྱོང་བྱེད་དགོས་པས། རོང་ཡུལ་ལྟར་ཁང་པ་ལས་ནས་རྒྱུན་པར་དེར་སྡོད་ས་མི་འགྲོ། དེའི་ཕྱིར། འབྲོག་པ་ཚོས་རྩིད་པས་སྐུད་པ་བཀལ་ཏེ་ཐག་འཐག་ནས་སྦྲ་བཟོས། དེ་ལ་ཆོན་ཐག་དང་ཀ་བ། ཕུར་བ་བཅས་བསྒྲིགས་ནས་འདུག་རྟེན་བྱས་པར། ཆར་རླུང་ཁོག་པ། སྤོ་སླ་བ། མེ་མི་འཆོར་བ། ལོག་ནའང་ཉེན་ཁ་མེད་པ་སོགས་ཁྱད་ཆོས་མང་པོ་ཞིག་ཡོད་པ་རེད། སྤྱིར་སྦྲ་ནག་ལ་ཆེ་ཆུང་ཅི་རིགས་ཡོད་ཀྱང་དུད་ཁྱིམ་ཞིག་ལ་མཚོན་ན། སྦྲ་ཕུག་ཏུ་འབྲུ་མར་སོགས་བླུག་པའི་ཡ་སྒྱེ་བརྩེགས་པ་དང་། དེའི་མདུན་དུ་མཆོད་སྒམ་ཞིག་བཞག་ནས་ལྷ་བླ་མའི་སྐུ་པར་ཅི་རིགས་བཤམས་པ་དང་། སྦྲ་དཀྱིལ་དུ་ཐབ་ཀ་ཆེན་པོ་ཞིག་ལས་ཡོད། སྦྲའི་ཕུག་སྒོ་ཁ་གཏད་པའི་གཡས་ཕྱོགས་སུ་སྣོད་འཇོག་སའི་ཁྲི་དང་སྦངས་པ་བླུག་སའི་བང་ཤོང་སྤོ་ཐོས་བརྩིགས་ཡོད། དེའི་ཕྱོགས་སུ་མོ་སྦྲའམ་མོ་ཁྱིམ་ཟེར་ལ། བུད་མེད་ཚོ་དེར་འདུག་པ་དང་ཉལ་སྲོལ་ཡོད། གཡོན་ཕྱོགས་ལ་ཕོ་སྦྲའམ་ཕོ་ཁྱིམ་ཟེར་ལ། བླ་མ་གྲྭ་བ་དང་སྐྱེས་པ་རྣམས་དེ་རུ་བཞུགས་པ་དང་གཟིམས་སྲོལ་ཡོད། སྦྲ་ལྟག་ལ་བཛྲ་གུ་རུ་དང་མ་ཎི་འབྲུ་དྲུག་སོགས་དཔར་བའི་དར་ལྕོག་དང་དར་མཚོན་སྣ་ལྔ་བསྒྲེངས་ཡོད། དབྱར་ཁར་དུད་ཚང་དེར་ཆ་རྐྱེན་ལྡན་ན་སྦྲ་ཟུར་དུ་རས་དཀར་ལས་བཟོས་པའི་གུར་ཕུབ་ནས་མགྲོན་པོ་གལ་ཆེན་རྣམས་དེའི་ནང་སྣེ་ལེན་བྱེད་པ་རེད། རས་གུར་དེ་ཉིད་བསིལ་ཞིང་དྭངས་པའི་ཁྱད་ཆོས་ཡོད་ནའང་སྦྲ་ནག་དང་བསྡུར་ན་སྤྱད་ཡུན་ཐུང་བ་དང་གྲང་རླུང་འགོག་པའི་ནུས་པ་ཞན་པས། དྲོ་དུས་ཁོ་ན་ལས་དགུན་དུས་སུ་བཀོལ་མཁན་ཉུང་། གུར་གྱི་རིགས་ལ་གུར་མོ་ཆེ་དང་གུར་ཁྲ། བླ་གུར། དཔོན་གུར། གཅོད་གུར། སྟ་གུར་སོགས་དབྱེ་བ་མང་པོ་ཡོད་ལ། དེ་དག་གི་རིན་གོང་ཆེ་ཆུང་དང་རྒྱུ་སྤུས་བཟང་ངན་གྱི་ཚད་ཀྱང་ངེས་ཅན་རེ་ཡོད།
གཉིས། འདས་མཆོད་ཀྱི་སྐོར།
གནས་འདི་གའི་ཁྱིམ་མི་གང་ཞིག་ཚེ་རྫོགས་ན། ཞག་གསུམ་རིང་ཕུང་པོ་དེ་ཁྱིམ་ལ་བཞག་པ་དང་འཕོ་འདེབས་ཀྱི་བླ་མ་གདན་དྲངས་ནས་འཕོ་བ་གསུངས་པ་དང་། སྐར་རྩིས་དང་བསྟུན་ནས་བཅོས་ཀའི་རིམ་གྲོ་བྱས་ནས་ད་གཟོད་དུར་ཁྲོད་དུ་བསྐྱལ། གྲི་ཤི་ཅན་ཡིན་ན་དུར་ཁྲོད་ཡས་མས་ཙམ་ཞིག་ལ་བསྐྱེལ་ནས་སྦས་པ་དང་། འགོ་ནད་ཀྱིས་ཤི་བ་ན་ས་དུང་དུ་སྦས་པ་དང་མེར་བསྲེགས་སྲོལ་ཡོད། བླ་སྤྲུལ་ཚད་ལྡན་རྣམས་སྐུ་གཤེགས་ན། སྐུ་དམར་གདུང་དང་སྐུ་གདུང་བཞུ་གིན་ཡོད། སྤྱིར་བཏང་མི་སྐྱ་རྣམས་ཀྱི་ཕུང་པོ་དེ་གྲྭ་བ་རྣམ་པས་ཕོ་དུར་དང་མོ་དུར་གང་ཡིན་པ་དེར་བསྐྱལ་ནས། རོ་ཕུང་དེ་ཤ་གཏུབ་རུས་རྡུང་བྱེད་པ་དང་ཆབས་ཅིག་དེའི་ནང་རྩམ་པ་སོགས་བསྲེས་ཏེ་བྱ་རྒོད་ལ་སྦྱིན་པ་རེད། བྱིས་པ་རྣམས་ཆུང་དུར་དུ་རྡེའུ་སྤུངས་ནས་སྦས་པ་དང་། ཆོད་འོག་ཏུ་བཅུག་ནས་སྲི་གཅོད་པའང་ཡོད། མི་ཤི་ནས་ཞག་ཞེ་དགུ་བར་དུ་བླ་གྲྭ་རྣམ་པ་ཁྱིམ་དུ་གདན་དྲངས་ནས་དགེ་རྩ་སྒྲུབ་པ་དང་། ཞག་མ་ཞེ་དགུ་རྫོགས་པའི་མཐར་རྫོགས་པའི་བླ་མ་གདན་དྲངས་ནས་མཚན་བྱང་ཞུ། འདིའང་ཆ་རྐྱེན་ཡོད་མེད་ལ་རག་ལས། མི་དེ་ཤི་རྗེས་དེའི་ཉེ་འབྲེལ་དང་བུ་རྒྱུད་སོགས་ཀྱིས་མ་ཎི་བྱེ་བ་ནས་དུང་ཕྱུར་ནང་འདོན་པ་དང་།མར་མེ། ཇོ་དར་ངེས་ཅན་ཞིག་དང་ཙ་རིར་གནས་སྐོར་འགྲོ་བ་སོགས་ཁས་ལེན་བྱེད་པ་དང་། ཞག་ཞེ་དགུའི་རིང་ལ་ཁྱིམ་མི་ཚོས་སྐྲ་དང་ངོ་མི་འཁྲུ་བ། གོས་གསར་མི་གྱོན་པ། ལོ་གཅིག་རིང་རི་དྭགས་མི་རྔོན་པ་དང་། ནོར་ལུག་སོགས་སེམས་ཅན་གྱི་སྲོག་མི་གཅོད་པ། གླུ་དང་ལ་གཞས་མི་ལེན། རྩེད་མོ་མི་རྩེ་བར་ཤི་བོ་ལ་དགེ་རྩ་སྒྲུབ་གང་ཐུབ་དང་མྱ་ངན་གྱི་ངང་ལ་གནས། ལ་ལ་ཞིག་མནའ་མ་དེ་ཤི་སོང་ན་སྐྱེས་པ་དེ་ཡར་ལོག་ནས་གྲྭ་བ་བྱེད་པ་དང་། སྐྱེས་པ་ཤི་ན་བུད་མེད་དེས་ཀྱང་སྐྲ་བཅད་སྡོམ་པ་ཞུས་ནས་ཇོ་མོ་བྱེད་མཁན་ཡོད་མོད་དེ་དག་ནི་ཆེས་ཉུང་ཤས་ཤིག་ཡིན།
གསུམ། བཟའ་བཅའི་སྐོར།
གནས་འདིའི་འབྲོག་མི་ཚོའི་དུས་རྒྱུན་གྱི་བཟའ་བཅའི་རིགས་གཙོ་བོ་ནི། ཤ་དང་མར། ཐུད་དང་། ཆུར་བ། རྩམ་པ་དང་གྲོ་མ་བཅས་ཡིན། འཐུང་རྒྱུ་གཙོ་བོ་ནི་འབྲི་ཞོ་དང་ལུག་ཞོ། འོ་མ་དང་འོ་ཇ་སོགས་ཡིན། ཉིན་རེར་ཟས་ཐེངས་བཞིའམ་ལྔ་རེ་སྟེ། སྔ་ཟས་དང་དྲོ་ཟས། ཚ་རྟིང་། དགོང་ཟས། ནུབ་ཟས་བཅས་སོ།། སྤྱིར་བཏང་ལོ་སར་དང་སྟོན་མོ། མགྲོན་པོ་སོགས་གལ་ཆེན་སླེབས་དུས་ཤ་ཚོས་མ་དང་ཤ་སྐམ། གོ་རེ། གྲོ་སྣུམ་བསགས། གྲོ་འབྲས་མར་ཁུ། གྲོ་མ་མར་ཁུ། ཤ་ཐུམ། ཐུག་པ། ཚོད་མ། ངར་རིགས་བཅས་ཟས་སྣ་འདྲ་མིན་ཡོད། སྐམ་ལུག་གང་རུང་བཤས་ལ་ཕབ་རྗེས། ཁྲག་རྒྱུ་དང་། ཡོས་རྒྱུ་དང་། རྒྱངས་རྒྱུ་བྱས་པ། གྲོལ་རིལ་ནང་དུ་ཚིལ་དང་རྩམ་པ་སྤོད་དང་བཅས་པ་བསྲེས་ནས་བརྫངས་པ། གློ་བུག་ཏུ་མར་ཁུ་བླུག་ཏེ་བཙོས་ནས་ཟ་སྲོལ་ཡོད་ལ་ཞིམ་དྲིའང་དྲོ། ཤེས་འོས་པ་ཞིག་ནི་གནས་འདི་གའི་འབྲོག་མི་ཚོས། རྟ་དང་བོང་བུ། ཁྱི་དང་གཅན་གཟན། འདབ་ཆགས་དང་ཉ་རིགས། ཡ་སོ་ཅན་དང་རྨིག་ཟླུམ་ཅན་གྱི་ཤ་ལ་འཛེམས་ནས་མི་བཟའ་བའི་སྲོལ་ཡོད།
བཞི། གྱོན་ཆས་ཀྱི་སྐོར།
གནས་འདི་གའི་སྡེ་བའི་བར་གྱི་གྱོན་ཆས་སྐོར་ལ་མི་འདྲ་ས་ཕྲན་བུ་རེ་ཡོད་ཀྱང་སྤྱི་མཐུན་ཙམ་བཤད་ན། གྱོན་ཆས་ལ་སེར་གོས་དང་སྐྱ་གོས་གཉིས་འདུས། སེར་གོས་ནི་བླ་གྲྭ་རྣམ་པའི་གྱོན་ཆས་ཏེ་གཟན་དང་ཤམ་ཐབས། འགག་ཐུང་དང་འགག་རིང་། སྟོད་འབོག་སོགས་ཡོད་ལ། རྒྱུ་ཆ་གཙོ་བོ་ནི་རས་དང་ཐེར་མ། ཕྲུག་དང་གོས་ཆེན་བཅས་ཡིན། དེ་དག་གི་ཞྭ་མོ་ལ་བླ་མ་རྣམ་པར་ཨོ་རྒྱན་པད་ཞྭ། པདྨ་ཁ་འབུབ། ཞྭ་མོན། གསེར་ཞྭ་བཅས་དང་། སྔགས་པ་ལ་ཞྭ་ནག་དང་ཕོ་རོག་མཐུ་ཞྭ། གཅོད་པ་རྣམས་ལ་གཅོད་པའི་དམ་ཞྭ་བཅས་དང་། གྲྭ་བ་རྣམས་ལ་རྩེ་ཞྭ་དང་སྒོམ་ཞྭ་བཅས་ཡོད། འཕྱོར་གོས་ལའང་ཐོར་སྣུམ་དང་། ཐེར་མ། ཕྲུག་དང་རྒྱ་རྩི་སོགས་ལས་བཟོས་པ་དང་། དགོན་ཁག་ལ་ལས་སྟོད་འབོག་ལ་ཆུ་སྲམ་ཕྲ་བསྡེབས་པའི་མཐར་རྒྱན་ཡོད། སྐྱ་གོས་ལ་རྒྱུན་པར་སློག་པ་དང་ཚར་སླག་དང་ཕྲུག་ལྭ་སོགས་ཡོད་ལ། ཕོ་གོས་ཕུ་དུང་རིང་ལ་མར་ཐུང་བ་ངང་། མོ་གོས་ནི་མར་རིང་ལ་ཕུ་དུང་ཐུང་། སྐྱེས་པའི་སློག་གོས་མཐར་རས་ནག་གིས་བརྒྱན་པ་དང་། སྐྱེས་མའི་སློག་པར་རས་དམར་ནག་དང་གོས་ཆེན་སྔོན་པོ་ཅི་རིགས་ཀྱི་ཆ་ག་ཡོད། ལོ་གསར་སྐབས། སྐྱེས་པ་རྣམས་ཀྱིས་ལྷུ་སླག་དང་ལྷུ་ཚར། ཚར་གོས། གཡི་གོས་ཅི་རིགས་ལ་སྟག་ལྤགས་སམ་གཟིག་ལྤགས། སྲམ་ལྤགས་ཀྱིས་མཐའ་རྒྱན་པ་གོན་པ་དང་། སྐྱེས་མ་རྣམས་ཀྱིས་ལྷུ་སླག་དང་ཚར་གོས་སོ་མ་སྲམ་ལྤགས་ཁྲུ་གང་ཙམ་གྱིས་མཐར་རྒྱན་པ་གོན་པ།༼ བོད་མིའི་བསམ་པའི་འདུ་ཤེས་མཐོར་སོང་སྟེ། ཁོར་ཡུག་སྲུང་སྐྱོབ་དང་མི་དང་སེམས་ཅན་བར་གྱི་འཆམ་མཐུན་ལ་དམིགས་ཏེ། སྲམ་ལྤགས་སོགས་གཅན་གཟན་དང་སེམས་ཅན་གྱི་པགས་ལྭ་མི་གྱོན་སྲོལ་གསར་དར་བས། ཉེ་ཆར་གཅན་གཟན་གྱི་པགས་རིགས་གྱོན་མཁན་མེད་ཅིང་། དེའི་དོད་དུ་རྒྱ་གར་ནས་དར་བའི་གོས་ཆེན་གྱི་རིགས་སྣ་ཚོགས་དང་། རྒྱ་ནག་དང་བལ་ཡུལ་སོགས་ནས་དར་བའི་རས་དར་ཀྱི་རིགས་སྣ་ཚོགས་བཟོས་པའི་གནའ་དེང་ཟུང་དུ་འབྲེལ་བའི་གོས་རིགས་སྣ་ཕུན་ཚོགས་གྱོན་སྲོལ་དར། ༽ དེ་མིན་ཕྲུག་དང་སྣམ་བུ། ཐེར་མ། གོས་ཆེན་སོགས་ལས་བཟོས་པའི་གྱོན་ཆས་སྣ་ཚོགས་ཡོད་ཀྱང་། དེ་དག་ནི་དུས་སྟོན་འདྲ་མིན་དང་དུས་བཞིའི་འགྱུར་ལྡོག་དང་བསྟུན་ནས་གྱོན་སྲོལ་ཡོད། མི་སྐྱ་རྣམས་ཀྱི་ཞྭ་མོ་ལ། ཝ་ཞྭ་དང་ཕྱིང་ཞྭ། གཡི་ཞྭ། ཚར་ཞྭ། ཞྭ་མོ་ཚེ་རིང་བཅས་དང་། རྐང་ལྷམ་ལ་ཀོ་ལྷམ། རྡོག་རྩེག རྡོག་རྐྱང་། འགྱིང་རྟ། ཕྲུག་ལྷམ། ཕྱིང་ལྷམ། སྣམ་ལྷམ། རས་ལྷམ་བཅས་དང་། རྒྱན་ཆ་ལ། སྐྱེས་པ་ཚོར། ཝ་ལུང་། སྐེག་གྲི། གློ་གྲི། མདའ་ཤུབས། གའུ། མེ་ཆ། གཟི་ཡི་སྐེ་རྒྱན། བ་སོ་གདུ་བུ་སོགས་དང་། སྐྱེས་མ་ཚོར། སྤོས་ཤེལ། བྱུ་རུ། གཡུ། གཟི། ཆོང་། རྣ་ལུང་། སོར་གདུབ། གའུ། གདུ་བུ། གྲི་ཆུང་། ཁབ་ཤུགས། སྒྱིད་སྒྲོག སིལ་སིལ། ཆབ་ཁྲ། དུང་ཆང་། བཞོ་ཆངས། གློ་ལུང་། སྐྲ་རྒྱན། གློ་ཁུག མེ་ལོང་། ཕྲེང་བ། མཛུབ་དཀྲིས་བཅས་རྣམ་པ་སྣ་ཚོགས་ཡོད་ལ། དེ་དག་ནི་གསེར་དངུལ་ལས་བཟོས་པས་རིན་གོང་ཀྱང་ཚད་ངེས་ཅན་རེ་ཡོད།
ལྔ། དུས་ཆེན་གྱི་སྐོར།
འདི་གའི་དུས་ཆེན་གཙོ་བོ་ནི་ལོ་སར་ཡིན། དེ་ལ་ལོ་ཆུང་དང་ལོ་ཆེན་གཉིས་འདུས། ལོ་ཆུང་བེའུ་ལུ་ལོ་ཆུང་ཟེར། དོན་དངོས་སུ་བེའུ། ལུ་གུ། རྟེའུ་དང་བྱིས་པ་ཚོའི་དུས་ཆེན་དུ་གླང་། ལོ་ཆུང་ཉིན། ཕ་མས་རང་གི་བྱིས་པ་ལ་ཐོག་མར་འོ་མ་བསྲེས་པའི་དཀར་ཆུ་ནང་ལ་ཁ་ལག་གཙང་མ་ཞིག་བཀྲུ་བཅུག་པ་དང་། ནད་གདོན་བར་ཆད་སེལ་བའི་སྨོན་ལམ་འདེབས། དེ་ནས་བྱིས་པ་དེའི་མདུན་ལ་མངར་གསུམ་སྡེར་ཁ་བསྒྲིགས་ནས་གང་འདོད་སྤྲོ་སྤྲོ་བྱེད་དུ་བཅུག་པས་བྱིས་པ་རྣམས་ལོ་ཆུང་དེ་ལ་དགའ་སྣང་དང་སྐྱིད་སྣང་ཧ་ཅང་སྐྱེ་བཞིན་ཡོད། ལོ་ཆུང་ཉིན། ཕྱུགས་ཆུང་གསུམ་ལའང་རྩྭ་འཇམ་མ་བཟའ་རུ་བཅུག་པ་དང་འོ་མ་ལྡུད་པ། དེ་དག་གི་རྭ་ཅོ་ལ་མར་བྱུག་པ་དང་ཆབས་ཅིག་གོད་ཁ་མི་ཡོང་བའི་སྨོན་ལམ་ཡང་ཡང་འདེབས་ཀྱིན་ཡོད། ལོ་ཆེན་ནི་མི་ཀུན་གྱི་སྲོལ་རྒྱུན་གྱི་དུས་ཆེན་ཞིག་རེད། ལོ་སར་ཚེས་གཅིག་ཉིན་མི་ཚོས་སྐྱ་མདའ་མ་གསལ་གོང་ས་ཡར་ལངས་སྲོལ་ཡོད། སྐྱེས་པ་ཚོས་སྤོ་ཐོའམ་རྡོས་བརྩིགས་པའི་བསང་ཁྲིའི་ཐོག་ལྷ་བསང་འབུལ་བ་དང་། སྐྱེས་མ་ཚོས་སེང་གེ་དཀར་མོའི་ཁ་ཆུའམ་སྐར་ཆུ་ལེན་ཏུ་འགྲོ། སྐར་ཆུ་བླངས་རྗེས། ཆུ་ཕུད་གཙང་མའི་ནང་དུ་འོ་མ་བསྲེས་ནས་ཐོག་མར་མཆོད་མཛུབ་ཀྱིས་ལྷ་ཀླུ་གཉན་གསུམ་ལ་མཆོད་པ་དང་། དེའི་རྗེས་ཁྱིམ་མི་ཚང་མས་ངོ་དང་ལག་པ་བཅས་གཙང་བཀྲུ་བྱེད་པ་རེད། བཟའ་བཏུང་གི་མགོ་བརྩམས་དུས། ཐོག་མར་ཕྱེ་མར་ཕྲན་བུ་རེ་བླངས་ཏེ་ཚེ་རིང་བར་ཤོག གོད་མེད་པར་ཤོག སྐྱིད་འཛོམས་པར་ཤོག བཀྲ་ཤིས་པར་ཤོག་ཅེས་ཁ་གཡང་བརྗོད་ནས་ཟ་གིན་ཡོད། དེ་ནས་སྡེར་ཁ་བསྒྲིགས་པའི་ཟས་སྣ་རྣམས་ལ་རང་རང་གང་མོས་ལྟར་བཟའ་ཆོག ལོ་སར་ཚེས་གཅིག་ནས་གསུམ་བར་ཁྱིམ་མི་མཉམ་སྤྲོ་བྱེད་པ་ལས་གཞན་ཁྱིམ་དུ་འགྲིམ་སྲོལ་མེད། ཚེས་བཞི་ནས་བཟུང་སྙིང་ཉེ་གྲོགས་པོ་བར་འགྲུལ་བ་འབོད་རེ་དང་། ལོ་གསར་གྱི་རྟེན་འབྲེལ་ཞུ་རེས་བྱེད་གིན་ཡོད། གནས་འདིའི་དགོན་ཁག་དག་ལ་འབར་དགོན་རི་ཁྲུས་དང་ཤྭ་རུ་དབྱར་འདུས། སྒྱོགས་རོང་སྦྲ་མཁར་དང་བུ་རྒྱུད་དགོན་ཁག་རྣམས་ལ་ད་གུ་ཆེན་དང་བུམ་སྒྲུབ་བཅས་དང་། གཞན་ཡང་རི་བསྟོད་བསང་སྐོར་དང་རྟ་རྒྱུག་རི་འདུས་བཅས་དུས་མཆོད་དང་དུས་སྟོན་འདྲ་མིན་ཡོད། དུས་སྟོན་སྐབས། སྐྱེས་ཕོ་གཞོན་རྣམས་བྲོ་འཁྲབ་པ་དང་ཤོ་དང་བག་རྩེ་བ། བང་རྩལ་འགྲན་པ། ཤེད་གཡུག་པ། སྒུར་འཐེན་པ། སྒ་འགྱུར་བྱེད་པ། བོའུ་འཕེན་པ། རྒྱང་མཆོང་བ་བཅས་དང་། བུད་མེད་གཞོན་མ་ཚོས། གླུ་ལེན་པ། བྲོ་གཞས་འཁྱམ་པ་དང་རྒྱུག་བཤིབ་པ། ལ་གཞས་འགྲན་པ། ཐག་རྩེད་རྩེ་བ། མེ་ཐོག་འཐུ་བ་སོགས་དང་། རྒན་པ་རྣམས། གེ་སར་སྒྲུང་ལ་ཉན་པ་དང་གླུ་མ་གཏམ་ལ་ཉན་པ། རྟ་རྒྱུག་ལྟད་མོ་ལྟ་བ། ཁ་དཔེ་དང་གནའ་དཔེ་བཤད་པ་སོགས་རྩེ་མོ་སྣ་ཚོགས་པ་ཡོད། གཞན་ཡང་དགོན་སྡེ་ཁག་ལ་ལོ་རྒྱུས་དང་འབྲེལ་བའི་རྣམ་ཐར་དང་ལྷ་མོའི་འཁྲབ་སྟོན། སེང་གེ་དང་གར་ཕྲུག ཤྭ་བཅས་རིགས་མང་པོ་འཁྱམ་རྒྱུ་ཡོད་ལ་ལྟ་བས་ཀྱང་ཆོག་མི་ཤེས་པ་ཞིག་ཡོད།
གཞན་ཡུལ་ཤུལ་གནོད་རྗེས་བསྐྱར་འཛུགས་ཀྱི་རྣམ་པ་གསར་བས་ཡུལ་ཤུལ་གྱི་འཛུགས་སྐྲུན་སྔར་མེད་པའི་འགྱུར་ལྡོག་ཆེན་པོ་བྱུང་སྟེ། དུས་རབས་ཀྱི་ཁྱད་ཆོས་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་པ་གསར་བས་མི་རྣམས་དགའ་འགུ་ཡི་རངས་ཐེབས་ལ། ཉེ་ཆར་ཡུལ་ཤུལ་ནི་ཡུལ་སྐོར་སྤྲོ་སྐྱིད་ཀྱི་གནས་ཡུལ་གལ་ཆེན་ཞིག་རྩིས་ཏེ། ཚང་མས་ཡུལ་སྐོར་བྱ་བ་ལ་རྒྱབ་སྐྱོར་དང་སྐུལ་འདེད་ཆེན་པོའི་འོག ཡུལ་ཤུལ་ཁུལ་དང་རྫོང་སོ་སོའི་སྲིད་གཞུང་གིས་ཡུལ་སྐོར་དང་འབྲེལ་བའི་དུས་ཆེན་མང་པོ་ཞིག་སྤེལ་བཞིན་ཡོད་པ་རེད།
དྲུག གུས་སྲོལ་གྱི་སྐོར།
འདི་གའི་བོད་མི་ཞིག་ཡིན་ན། སྐྱབས་འགྲོ་ཚིག་གསུམ་འདོན་མི་ཤེས་པ་དང་། མ་ཎི་འབྲུ་དྲུག་བགྲང་མི་ཤེས་པ་ཞིག་མེད། རྒྱུན་ལྡན་འཚོ་བའི་ཁྲོད་དུ་བླ་མ་དང་གྲྭ་བ་རྣམས་ལ་མིག་འབྲས་བཞིན་དུ་དད་གུས་ཆེ། དུད་ཁྱིམ་གང་ཞིག་ཡིན་ཡང་བླ་མ་དེ་ཉིད་ཁྱིམ་གདན་རེ་ཐུབ་ན་ཆེས་དགའ་སྣང་བྱེད་གིན་ཡོད། བླ་མ་དེ་ཉིད་དུད་ཁྱིམ་གང་དུ་ཕེབས་ཚེ། ཁྱིམ་ཚང་དེས་ཉེ་འགྲམ་དུ་སྣོད་སྟོང་བ་མི་འཇོག་པ་དང་། ལུས་ལ་གྲི་མི་འདོགས་པ། ཞྭ་མི་གོན་པ། མགོ་དཀྲིས་མི་གཡོག་པར་མ་ཟད། མགོ་བོ་དུད་ནས་བླ་མར་ཕྱག་དབང་ཞུ་བ་ཡིན། བླ་ཆེན་ཞིག་ཁྱིམ་དུ་གདན་དྲངས་ན། ཁྱིམ་ཚང་དེ་ལ་གཡང་འབོད་དང་ཚེ་འགུག་གསུང་བ་དང་རབ་གནས་སོགས་མཛད་སྲོལ་ཡོད། གནས་འདིའི་བོད་མི་མང་ཕྱོགས་སྔ་མོ་ལངས་ཁ་དང་། དགུང་མོ་ཉལ་ཁ་བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་བའི་མཛད་སྒོ་ཡོད། ཕྱག་ཐེངས་རེར་མང་ན་ཕྱག་བརྒྱ་རེ་དང་ཉུང་ནའང་ཕྱག་གསུམ་རེ་ཕུལ་སྲོལ་ཡོད། གནས་འདིའི་མི་རྣམས་ཀྱིས་ཕ་མ་རྒན་རབས་ཚོ་ལ་བཀུར་གཟོ་ཆེ། རྒྱུན་ལྡན་འཚོ་བའི་ནང་དུ་ཟས་ཀྱི་བཅུད་དང་ཟས་ཀྱི་ཕུད་ཕ་མ་རྒན་རབས་ལ་སྦྱིན་པ་དང་ཉལ་ས་དྲོན་པོ་བཅའ་བ། ཁ་གཡོག་ལག་གཡོག་བྱེད་རྒྱུ་དང་། བརྩི་བཀུར་ཆེན་པོ་བྱེད་པ་ལ་ཆེས་གཟི་བརྗིད་དུ་བརྩི། གལ་ཏེ་ཕ་མ་རྒན་རབས་རྣམས་ལ་བརྙས་བཅོས་བྱེད་མཁན་རེ་བྱུང་ན། ཡུལ་མི་རྣ་མས་ཀྱིས་མི་དེ་ལ་ལྟས་ངན་དང་མ་རུང་བ་ཞིག་རེད་ཅེས་སྡིག་སྨོད་དང་འཕྱ་སྨོད་བྱེད་ལ། ཁྱིམ་མི་ནང་དུ་ཆེ་བས་ཆུང་བར་བྱམས་པ་དང་ཆུང་བས་ཆེ་བར་བཀུར་བའི་སྲོལ་བཟང་པོ་ཡོད། གལ་ཏེ་ཁྱིམ་ཚང་ནང་གི་མི་གང་རུང་ཞིག་ཐག་རིང་ལ་སོང་བའི་སྐབས་སུ། ཤུལ་ལུས་ཀྱི་ཁྱིམ་མི་རྣམས་ཀྱིས་ཉིན་དེར་རི་མགོ་མཐོན་པོར་འཛེགས་ནས་རླུང་རྟ་གཏོར་ཞོར་དུ་ཁ་ནས་བསོ་བསོ། ཕོ་ལྷ་བསོ། དགྲ་ལྷ་བསོ། ཡུལ་ལྷ་བསོ། (མི་དེ་ཉིད)ཡུལ་གར་སོང་བར་བཀྲ་ཤིས། ས་གར་བསྡད་སར་དོན་གྲུབ། ཁ་རྗེ་ལ་ཁ་བ་འབབ་འབབ། དབང་ཐང་ལ་བུ་ཡུག་འཚུབ་འཚུབ། ཀི་ཀི་བསོ་བསོ། ཞེས་འབོད་པ་བཏང་ནས་མི་དེ་ཉིད་མགོ་ཐོན་ལམ་འགྲོ་ཡོང་བའི་སྨོན་ལམ་ཞུ་སྲོལ་ཡོད། གནས་འདིའི་བོད་མི་རྣམས་ཀྱིས་ཐག་རིང་ནས་སླེབས་པའི་མགྲོན་པོ་མཆོག་དམན་ཀུན་ལ་སྣེ་ལེན་ཡག་པོ་ཞིག་བྱེད་སྲོལ་ཡོད། གལ་ཏེ་ཁྱིམ་ཚང་ཞིག་གི་སྒོར་མགྲོན་པོ་ངོ་ཤེས་མིན་ག་ང་འདྲ་ཞིག་སླེབས་ཚེ། ཁྱིམ་མི་རྣམས་སྒོར་བུད་ནས་དཀའ་ཨེ་ཐལ་ཞེས་ཐོག་མར་འཚམས་འདྲི་ཞུས་ནས་རྟ་ཁ་ལེན་རོགས་བྱེད་ལ། མགྲོན་པོ་དེ་སྔ་ནས་ངོ་ཤེས་ཡིན་ན་ཕན་ཚུན་འཁུར་རའང་གཏུག་སྲོལ་ཡོད། དེ་ནས་མགྲོན་པོའི་བཞོན་པ་ལ་གཟན་ཆས་སྤྲད་པ་དང་། མགྲོན་པོ་ལ་སྣེ་ལེན་ཡིད་ཚིམ་པ་ཞིག་བྱེད་ལ། གལ་ཏེ་འགྲོན་པོ་དེ་ཉིད་ཐག་རིང་ཞིག་ཏུ་འགྲོ་དགོས་ན། དེ་ལ་བྲོ་ཁ་དང་གཟན་ཆས་འདང་ཚོད་རེ་སྤྲད་སྲོལ་ཡོད། རིན་སྐར་མ་གང་ཡང་ལེན་མི་དཔེ། མགྲོན་པོ་དེ་འགྲོ་བའི་ཉིན་ལ་ཁྱིམ་མི་རྣམས་ཀྱིས་བར་ཐག་ངེས་ཅན་ཞིག་ཏུ་སྐྱེལ་མ་བྱས་ཏེ་མཐར་ཕན་ཚུན་ཚེ་རིང་། ལོ་བརྒྱ་ལོན་ཞེས་ཁ་གཡང་བརྗོད་ནས་སོ་སོར་གྱེས་པ་ཡིན།
བདུན། གཉེན་སྒྲིག་པའི་སྐོར།
ཕོ་མོ་ཕན་ཚུན་བར་རུས་གཅིག་པའམ་ཉེ་འབྲེལ་ཡིན་པར་ཤེས་ན་གཉེན་སྒྲིག་སྲོལ་མེད། དེ་འདྲ་བྱས་ན་ངོ་ཚ་རུ་བརྩི། གཉེན་བསྒྲིག་པའི་འདུན་མ་རང་རང་ཕ་མས་ཐག་གཅོད་པ་ལས། བུ་དང་བུ་མོས་རང་མོས་ཀྱིས་གཉེན་འདུན་བྱས་པ་ནི་ཆེས་ཉུང་ཤོས་ཤིག་རེད། སྤྱིར་བཏང་ཁྱོ་གཅིག་ལ་ཤུག་གཅིག་ཡིན་མོད། རྒྱུ་རྐྱེན་འདྲ་མིན་དབང་གིས་ཁྱོ་གཅིག་ལ་ཤུག་གཉིས་དང་། ཤུག་གཅིག་ལ་ཁྱོ་གཉིས་ཡོད་པའི་ཁྱིམ་ཚང་རེ་གཉིས་ཙམ་མཐོང་རྒྱུ་ཡོད། ཁྱིམ་ཚང་ཞིག་ལ་བུ་ཆེ་ཆུང་དུ་མ་ཡོད་ན། བུ་ཆེ་ཤོས་དེ་ལ་མནའ་མ་བསུ་ཞིང་ཁྱིམ་གཞི་བདག་བྱེད་པར་བཅུག་པ་དང་། དེ་མིན་བུ་རྣམས་དགོན་ནང་དུ་གྲྭ་བར་འཇུག་པ་དང་། ཡང་ན་ཆུང་མ་བསུས་ཏེ་ལོགས་སུ་འཁོར་བ་སོ་མ་ཞིག་འཛིན་དུ་བཅུག ཁྱིམ་ཚང་གཅིག་ལ་བུ་མོ་ཁོ་ན་ཡོད་ན། བུ་མོ་གཅིག་ལ་མག་པ་འཇོག་པ་མ་གཏོགས། གཞན་ཀུན་པོ་གནས་གཞན་ལ་བག་མ་གཏོང་སྲོལ་ཡོད། གཉེན་ལ་རིགས་རུས་ཆོ་འབྲང་དང་འབྱོར་བ་མང་ཉུང་ཕལ་ཆེར་འདྲ་བ་ཡིན་དགོས་དེ་ཙམ་མེད།
(1)བག་མ་སློང་ཡུལ།
ཁྱིམ་ཚང་གང་རུང་ཞིག་གི་བུ་དེ་ལ་བག་མ་བླངས་ན། ཐོག་མར་བུ་དེའི་ཕ་དང་ཁུ་བོ་གང་ཞིག་བུ་མོ་ཚང་ལ་སོང་ནས་དར་དང་། སྣམ་བུ། རས་ཡུག་རིང་ཐུང་གང་འཚམ་ཤིག་ལག་རྟགས་ཁྱེར་ཏེ་བུ་མོའི་ཕ་མ་གཉིས་ལ་བུ་མོ་སྟེར་རོགས་ཞེས་ཞུ་དགོས། ཕ་མ་གཉིས་ཀྱིས་ལག་རྟགས་བླངས་ནས་བུ་མོ་སྟེར་བར་ཁས་བླངས་ན་གཉེན་ཐག་བཅད་ཅེས་ཟེར་བ་རེད། (དེའི་རྗེས་བུ་མོ་དེ་གཞན་ལ་སྟེར་མི་ཆོག གལ་ཏེ་སྟེར་ན་བག་སྟོང་ཞེས་ཁ་མཆུ་དང་གྱོད་ཀྱི་གནད་དོན་བྱུང་བ་རེད།) དེ་ནས་བླ་མ་གང་རུང་ཞིག་གི་མདུན་ནས་ལོ་ཁམས་མཐུན་མིན་གྱི་རྩིས་དང་ཕྱག་མོ་ཞུས་ནས་ཉིན་བཟང་པོ་ཞིག་ལ་གཉེན་སྟོན་བྱེད་རྒྱུ་སྟ་གོན་གྱ་ནོམ་པ་བྱ་དགོས། གཉེན་སྟོན་གྱི་ཉིན་ལ་ཉེ་བའི་དུས་དེར་ཕོ་ཁྱིམ་ཚང་གིས་མོ་ཁྱིམ་ཚང་དང་ཉེ་འབྲེལ་རྣམས་ལ་གཉེན་ཇ་ཞེས་པ་ཞིག་སྟེར་སྲོལ་ཡོད། ཁྱིམ་ཚང་འབྱོར་ལྡན་གྱིས་ཇ་སྒམ་རེ་དང་། འབྱོར་བ་འབྲིང་ཙམ་མམ་མང་ཕྱོགས་ཀྱིས་ཇ་སྦག་ཁག་དང་དར་དཀར་སྦྱིན་དགོས།
(2)བག་མ་སྐྱེལ་ཚུལ།
བག་མ་སྐྱེལ་ཉིན་བག་མའི་ཁྱིམ་མི་ཚང་མ་སྔ་མོར་ལངས་ཏེ། བུ་མོའི་མགོ་ལུས་ཡོངས་ལ་གོས་རྒྱན་རྩ་ཆེན་གྱིས་མཛེས་པར་བརྒྱན་པ། བག་མ་སྐྱེལ་མཁན་ལ་བུ་མོའི་ཨ་ཞང་དང་བུ་མོ་གཙོ་བྱེད་པའི་སྐྱེལ་མཁན་གསུམ་དང་ལྔ། བདུན་དང་དགུ་བཅས་ཡ་ཅན་ལས་ཆ་ཅན་འགྲོ་སྲོལ་མེད། དེ་དག་ངེས་པར་དུ་ཉི་མ་ཤར་བ་དང་དུས་མཉམ་དུ་བག་མ་བསུ་མཁན་ཚང་གི་སྒོར་བསླེབ་ཐུབ་དགོས། བག་མ་དེ་བག་བསུ་ཚང་གི་སྒོར་སླེབས་ཚེ། རྟ་ཁ་ལེན་མཁན་གྱིས་དར་དཀར་པོ་དྲི་མ་མེད་པ་ཞིག་ལག་ཏུ་བཟུང་ནས་འདི་སྐད་དུ། ཨོ། བཀྲ་ཤིས་པའི་རྒྱ་དར་དཀར་པོ་ཡར་ལ་ལོངས། དོན་གྲུབ་པའི་སྲབ་མདའ་ཁྲ་ཆུང་ང་ལ་ཐོད་ཟེར་ལ། དུས་དེར་བག་རྟ་ཁྲིད་མཁན་གྱིས་ཐོག་མ་དྲི་བ་མང་ཙམ་བཏོན་པའི་མཐར་བསོད་ནམས་སྲབ་མདའ་ཁྱོད་ལ་སྟེར། བཀྲ་ཤིས་དར་ཁ་ང་ཡིས་ལེན། ཟེར་ནས་སྲབ་མདའ་ཚུར་སྟེར། དེ་ནས་རྟ་ཁ་ལེན་མཁན་གྱིས་བག་རྟ་དེ་ཉེ་འགྲམ་བལ་གདན་དཀར་པོའི་ཐོག་ཏུ་ནས་ཀྱིས་བྲིས་པའི་གཡུང་དྲུང་གཡས་འཁྱིལ་དཀྱིལ་དུ་རྐང་གཡས་བརྫིས་ནས་འབབ་ཏུ་བཅུག་པ་རེད།
(3)སྦྲ་ནང་དུ་འགྲོ་ཚུལ།
བག་མ་རྟ་ལས་བབས་རྗེས་སྦྲ་སྒོ་རུ་སྔར་ནས་བཞག་ཡོད་པའི་འོ་མ་ཟོ་གང་དེ་ཁྱེར་ཏེ་ལག་གཡས་པའི་མཆོད་མཛུབ་ཀྱིས་གནམ་ལ་ཐེངས་གསུམ་མཆོད་རྗེས་སྦྲ་ལ་གཡས་སྐོར་ཞིག་བརྒྱབ་ནས་སྔོན་གྱི་མལ་ལ་བཞག(བུ་རྒྱུད་སྡེ་ཁ་ཤས་ཀྱིས་བག་མ་ཕོ་སྦྲའི་ནང་དུ་འགྲོ་དུས། ཐོག་མར་བླ་མཆོད་ཁ་ཤས་ཀྱིས་བག་མར་བུམ་ཁྲུས་བྱས་ཤིང་བཀྲ་ཤིས་རྫས་ཞོ་ཞེས་བྱ་བའི་ཞོ་ཡག་པོ་ཞིག་བག་མའི་ལག་གཡོན་གྱི་འཁྱོར་བར་ཐེངས་གསུམ་ལྡུག་དགོས། བག་མས་ཞོ་དང་པོ་དཀོན་མཆོག་ལ་མཆོད་པ། གཉིས་པ་བག་མ་རང་གིས་བཏུང་བ། གསུམ་པ་ཕུ་དུང་གཡོན་པའི་ནང་དུ་བླུགས་སྲོལ་ཡོད་པ་དེས་དཀར་པོ་ལས་ལ་དགེ་བའི་རྟེན་འབྲེལ་མཚོན།) དེ་ནས་བག་མས་ཞྭ་མོ་སྦྲ་སྒོ་ཀླད་ལ་ཕུད་ནས་ནང་དུ་འཛུལ། དེར་སྒུག་མོས་འཛིན་པའི་སྣ་ཞོ(ཁ་ཅིག་མནའ་ཞོ་བླུད་ཟེར)ཞེས་བྱ་བའི་འབྲི་ཞོ་ཕོར་གང་དེ་ལས་གནམ་ལ་ཐེངས་གསུམ་མཆོད་དེ་བཀྲ་ཤིས་སྨོན་ལམ་གང་རུང་ཞིག་བརྗོད། དེ་ནས་གཡུང་དྲུང་བྲིས་པའི་བལ་གདན་དཀར་པོའི་སྟེང་ལ་བག་མ་འདུག་ཏུ་བཅུག་པ། དེའི་གཡས་ཕྱོགས་ལ་ཕུ་བོ་དང་གཡོན་ཕྱོགས་ལ་ཞང་པོ་འདུག་ཏུ་བཅུག་པ། དེ་ནས་རིམ་བཞིན་སྐྱེལ་མཁན་ཉེ་འབྲེལ་ཚོ་འདུག་ཏུ་བཅུག དེ་ནས་སྟོན་མོ་ལ་ཤ་དང་གྲོ་མ། ཆང་དང་ཨ་རག གྲོ་ཞོ་དང་གྲོ་འབྲས། ཤ་ཐུམ་དང་མངར་གསུམ་བཅས་ཟས་སྣ་ཕུན་ཚོགས་ཤིག་མདུན་དུ་བཤམས་ཏེ། གཏམ་དང་རྩེད་མོའི་སྒོ་ནས་དགྱེས་སྟོན་རོལ། ཉིན་ཤས་རིང་གཉེན་སྟོན་གྲོལ་རྗེས། བག་མ་སྐྱེལ་མཁན་ཚོ་དེར་ཡུན་རིང་མི་སྡོད་པར་རང་ཡུལ་ལ་ལོག་པར། དེ་དག་ལའང་མག་པ་ཚང་གིས་སྟོན་སྐལ་ངེས་ཅན་རེ་སྤྲད་སྲོལ་ཡོད།
(4)བག་སྐལ་སྟེར་ཚུལ།
གཉེན་སྟོན་བྱས་ནས་ཞག་མ་གསུམ་དང་བདུན་གྱི་མཚམས་ནས་ཁྱོ་ཤུག་གཉིས་པོ་གཉེན་གཏུག་ཏུ་མ་ཚང་ལ་འགྲོ་སྲོལ་ཡོད། འགྲོ་ཁར་བུ་མོའི་བག་སྐལ་རྟ་གཡག་འབྲི་ལུག་དང་། ལུས་ལ་གྱོན་རྒྱུ་ཚར་སླག་དང་མགོ་ལ་གདགས་རྒྱུ་སྤོས་ཤེལ་བྱུ་རུ་དང་། སྐེ་ལ་བརྒྱན་རྒྱུ་སྐེ་རྒྱན་དང་། གཞན་གསེར་དངུལ་འདོགས་ཆ་ལ་སོགས་པ་བག་སྐལ་གང་ཡོད་སྟེར་དགོས། དེ་ནས་བུ་མོའི་ཕ་དང་མནའ་ཡ་བཅས་ཀྱིས་སྐྱེལ་མ་བྱས་ཏེ་འགྲོ་དགོས། བུ་མོ་དེ་ཉིད་གནས་ལ་བརྫངས་པ་ནས་བཟུང་། ཁྱིམ་གཉིས་བར་ཉེ་འབྲེལ་གཙོ་བོ་ཞིག་གྱུར་ཟིན་པས། མ་འོངས་པའི་འཚོ་བའི་ཁྲོད་དུ་ཕན་ཚུན་བརྩི་བཀུར་དང་སྐྱིད་སྡུག་མཉམ་མྱོང་བྱས་ནས་གཞན་དང་མི་མཚུངས་པའི་བརྩེ་བ་ཆེན་པོ་ཞིག་ཡོད་པ་རེད།
སྤྱིར་སྨུག་པོ་གཉེན་གྱི་སྟོན་མོ་ལ། སྐྱིད་པའི་གླུ་ལེན་རྒྱུ། དགའ་བའི་བྲོ་འཆམ་རྒྱུ། མཚར་བའི་གཏམ་བཤད་རྒྱུ་མང་མོད། དེ་རྣམས་ཀྱི་མཚོན་བྱེད་ཙམ་དུ་སྐུ་ཞབས་སྨན་སྐྱབས་ལགས་ཀྱིས་བསྡུས་པའི་ཉ་མཚོ་སྡེ་བའི་སྟོན་བཤད་ཅེས་བྱ་བ་འདི་བཀོད་པ་གཤམ་གསལ།
ཀི་བསྭ་བསྭ--
སུམ་ཅུ་རྩ་གསུམ་ལྷ་ཡི་གནས་མཆོག་ནས། ལྷ་ཆེན་ཚངས་པ་འཁོར་བཅས་གནས་འདིར་བྱོན། དེ་རིང་བཀྲ་ཤིས་ཉི་མ་ལ། མགོ་ནག་མི་ཡི་གཉེན་སྟོན་རོལ། འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། མི་མཇེད་འཇིག་རྟེན་རྐང་གཉིས་ཡུལ་ཁམས་ནས། གཉེན་ཆེན་གུར་ལྷ་འཁོར་བཅས་གནས་འདིར་བྱོན། དེ་རིང་བཀྲ་ཤིས་ཉི་མ་ལ། མགོ་ནག་མི་ཡི་གཉེན་སྟོན་རོལ། དཔའ་རྩལ་ཆེ་བའི་དངོས་གྲུབ་སྩོལ། ནོར་བུ་གཏེར་མཛོད་ཀླུ་ཡི་ཕོ་བྲང་ནས། གཙུག་ན་རིན་ཆེན་འཁོར་བཅས་གནས་འདིར་བྱོན། དེ་རིང་བཀྲ་ཤིས་ཉི་མ་ལ། མགོ་ནག་མི་ཡི་གཉེན་སྟོན་རོལ། དགོས་འདོད་ནོར་གྱི་དངོས་གྲུབ་སྩོལ།
ཡ། ལྷོ་འཛམ་བུ་གླིང་གི་སྤྱི་ཆོས་དང་། ངེད་གངས་ཅན་བོད་ཀྱིས་སྒེར་ཆོས་ལ། ཟས་མཆོད་པ་ལན་གསུམ་འབུལ་སྲོལ་ཡོད། མཆོད་པའི་ཟས་ལ་ཟས་གཡང་འཁོར་བའི་རྟེན་འབྲེལ་ཡོད། མཆོད་པའི་མི་ལ་མི་གཡང་འཁོར་བའི་རྟེན་འབྲེལ་ཡོད། སྒང་པ་བོད་ལ་དངོས་སྒྲུབ་འབྱུང་བའི་རྟེན་འབྲེལ་ཡོད།
ཨོ་་་་་་་་་་མཆོད་དོ། མཆོད་དོ།
མཆོད་གཅིག་གོང་མར་ལྷ་ལ་མཆོད། བསླུ་མེད་དཀོན་མཆོག་རྣམ་གསུམ་མཆོད། རྒྱལ་བ་བློ་བཟང་གྲགས་པར་མཆོད། དཔལ་ལྡན་དམག་ཟོར་རྒྱལ་མོར་མཆོད། གཏན་དུ་མགོན་སྐྱབས་མཛད་པ་དང་། མཆོག་དང་ཐུན་མོང་དངོས་གྲུབ་སྩོལ།
མཆོད་གཉིས་ཡུལ་ལྷ་དགྲ་ལྷ་མཆོད། ཇོ་བོ་སྒྱོགས་ཆེན་གདོང་རྭ་མཆོད།
དགྲ་ལྷ་འོ་ཁོད་སྟག་རྩེ་མཆོད། སྐྱེས་ལྷ་ཡུལ་ལྷ་འཁོར་བཅས་མཆོད། སྡང་དགྲ་ཐལ་བར་བརླགས་པ་དང་། དཔའ་དང་དཔུང་པའི་དངོས་གྲུབ་སྩོལ།
མཆོད་གསུམ་ཡབ་མེས་གོང་མར་མཆོད། ཆོས་རྒྱལ་མེས་དབོན་རྣམ་གསུམ་མཆོད། གླིང་རྗེ་གེ་སར་རྒྱལ་པོ་མཆོད། གླིང་གི་དཔའ་ཐུལ་སུམ་ཅུར་མཆོད། སྡེ་འདི་དབྱར་མཚོ་རྒྱས་པ་དང་། བསམ་དོན་འགྲུབ་པའི་དངོས་གྲུབ་སྩོལ།
ཨོ་ལགས་སོ།།
མཐོན་མཐིང་ལྷ་ལམ་ཡངས་པའི་དཀྱིལ་འཁོར་ནས། ཆ་ཤས་ཡོངས་རྫོགས་ཉ་རྒྱས་ཟླ་བ་བཞིན། ཞལ་རས་དཀར་ལ་འོད་ཀྱི་མདངས་འཕྲོ་བའི། ངེད་ཀྱི་སྲུ་མོ་ཕེབས་པར་བདེ་ལེགས་ཞུ། མ་ཧ་ཙི་ནའི་ཚང་ཚིང་སྟུག་པོ་ནས། ལྡེམ་ལྡེམ་གཡོ་བའི་སྨྱུག་མ་ཚིགས་དྲུག་བཞིན། ལུས་ཕྲའི་མཛེས་གཟུགས་སྒེག་པའི་ལང་ཚོ་ཅན། ངེད་ཀྱི་སྲུ་མོ་ཕེབས་པར་བདེ་ལེགས་ཞུ། པད་མའི་ཁྲུས་རྫིང་འཁྱིལ་བའི་འགྲམ་ངོགས་ནས། འགྲོས་ལྡན་གླང་ཆེན་དལ་བུར་གཤེགས་པ་བཞིན། གོམ་པའི་འདེགས་འཇོག་སྒྱུར་ལ་ངོ་མཚར་ཅན། ངེད་ཀྱི་སྲུ་མོ་ཕེབས་པར་བདེ་ལེགས་ཞུ། མཐོ་བརྗིད་མཁའ་ལ་བསྙེགས་པའི་བྲག་རྩེ་ནས། རྦབ་ཆུ་དར་དཀར་ཡོལ་བ་བཤམས་པ་བཞིན། སྨུག་ནག་དབུ་སྐྲའི་ལན་བུ་རིང་འཕྱང་བ། ངེད་ཀྱི་སྲུ་མོ་ཕེབས་པར་བདེ་ལེགས་ཞུ། དཔྱིད་ཀྱི་དཔལ་ཡོན་སྨིན་པའི་མཛེས་སྡུག་བཞིན། ལྷོ་ཡི་ཁུ་བྱུག་སྙན་པའི་འགྱུར་ཁུགས་བཞིན། སྐད་སྙན་རི་དྭགས་མགྲོན་དུ་འགུགས་བྱེད་པའི། ངེད་ཀྱི་སྲུ་མོ་ཕེབས་པར་བདེ་ལེགས་ཞུ། ཨུཏྤལ་བླ་མེད་ཡངས་པའི་གཞི་དཀྱིལ་ནས། བུང་བ་ཟུང་གི་དགའ་སྟོན་རོལ་བ་བཞིན། མཛེས་པའི་དཀྱུས་རིང་སྤྱན་གྱི་རྣམ་འགྱུར་ཅན། ངེད་ཀྱི་སྲུ་མོ་ཕེབས་པར་བདེ་ལེགས་ཞུ། ལྷོ་ཕྱོགས་མ་ལ་ཡ་ཡི་ཚལ་ཡངས་ནས། ས་མཆོག་ཙན་དན་དྲི་བསུང་འཐུལ་བ་བཞིན། ལྷན་སྐྱེས་དྲི་བཟང་ལུས་ལ་འཐུལ་བ་ཡིན། ངེད་ཀྱི་སྲུ་མོ་ཕེབས་པར་བདེ་ལེགས་ཞུ། ཤར་ཕྱོགས་བཟོ་ཡི་འཇིག་རྟེན་ཆེན་པོ་ནས། སྲབ་འཇམ་དར་དཀར་རེག་པའི་བདེ་བ་བཞིན། བཟང་འཇམ་མཛངས་གསུམ་ལུས་ལ་ཚང་བ་ཡི། ངེད་ཀྱི་སྲུ་མོ་ཕེབས་པར་བདེ་ལེགས་ཞུ།
ཡི་ཡ་ཡ་་་་་
སྣོད་ལ་བྱིན་ཆགས་བཅུད་ལ་གཡང་ཆགས་པའི། བྱང་གི་རྨ་ཀླུང་ཕྱུག་མོའི་གཡས་ཟུར་ནས། ཤར་གྱི་སྒྱོགས་ཆེན་གདོང་རྭའི་མདུན་ཕྱོགས་ནས། ལྷོ་ཡི་འབྲི་ཆུ་སྔོན་མོའི་གཡོན་ཟུར་ནས། རྩྭ་དང་རྩི་ཤིང་ལྷ་ཡི་དགའ་ཚལ་ནས། རྒྱབ་ཀྱི་ཕ་མིང་བདེ་འཚམས་ཅི་ལྟར་ལགས། གནག་སྣུམ་ནོར་རྩིད་ཐགས་སུ་བསྐྲུན་པ་ཡིན། སྦྲ་ཆེན་ཚུགས་བརྒྱད་ཡངས་པའི་ལྡིང་ཁང་ཅན། རྒྱབ་ཀྱི་ཕ་མིང་བདེ་འཚམས་ཇི་ལྟར་ལགས། སྤང་ལྗང་སྔོ་བསངས་བུ་མོའི་བཞིན་རས་སུ། གཡང་དཀར་ལུག་ཁྱུ་སྤྲིན་གྱི་འདུ་འགོད་ཅན། རྒྱབ་ཀྱི་ཕ་མིང་བདེ་འཚམས་ཇི་ལྟར་ལགས། ན་གཞུང་མར་ཁུ་རྒྱ་མཚོ་འཁྱིལ་བའི་དབུས། གནག་ཕྱུགས་མིག་སྨན་མདངས་ལ་ཅོ་འདྲི་བའི། རྒྱབ་ཀྱི་ཕ་མིང་བདེ་འཚམས་ཇི་ལྟར་ལགས། ས་འཛིན་མར་གད་སྤུངས་པའི་ལྷུན་པོ་ཅན། རྒྱབ་ཀྱི་ཕ་མིང་བདེ་འཚམས་ཇི་ལྟར་ལགས། སྦྲ་སྐེད་ཕ་ཁུ་བུ་ཚའི་དཔུང་སྒྲིག་པའི། རྒྱབ་ཀྱི་ཕ་མིང་བདེ་འཚམས་ཇི་ལྟར་ལགས། སྦྲ་སྨད་མ་སྲུ་འཁོར་ཚོགས་རག་གེར་འདུས། རྒྱབ་ཀྱི་ཕ་མིང་བདེ་འཚམས་ཇི་ལྟར་ལགས།
ཨོ་ཡ་་་་་་ཡ་་་་་་་།
ང་ནངས་ཡོང་བ་ཤར་ནས་ཡོང་། ཤར་སྒྱོགས་ཆེན་གདོང་རྭའི་མདུན་ནས་ཡོང་། བཀྲ་ཤིས་པའི་ཉི་མ་ཀླད་ནས་ཤར། དོན་འགྲུབ་པའི་ཟླ་སྟེང་ནས་ཚེས། རྟེན་འབྲེལ་གྱི་སྐར་ཚོགས་མཐའ་ནས་བཀྲ། ཡག་གསུམ་འཛོམས་པའི་དུས་ཚོད་ལ། ངས་འདོ་བ་རླུང་གཤོག་སྔོན་པོ་ལ། རིན་ཆེན་གསེར་གྱི་སྲབ་ཞིག་བསྐོན། ནོར་བུ་སུམ་བརྩེགས་ཏོག་གིས་སྤྲས། ཁམ་པ་དངུལ་གྱི་སྒ་ཡོབ་ལ། གཡུ་བྱུར་མུ་ཏིག་ཁྲ་ཡིས་བརྒྱན། བཟང་པོའི་སྒ་ཆས་བསྟད་པ་ལ། མཛངས་ཡོན་ཏན་ལྡན་པའི་བག་མ་བསྐྱོན། རྟ་ཁ་རྒྱ་དར་དཀར་པོས་ཁྲིད། རྫོངས་སྐལ་སྨུག་ཆུང་དྲེལ་ལ་བཀལ། སྐྱ་རེངས་སྐྱ་མདའ་དང་པོའི་ནང་། ལམ་དུ་བདེ་བར་ཞུགས་ནས་ཡོང་། ངའི་ཡོང་ལུགས་བཤད་པ་འདི་ཙམ་ཡོད། ཁྱོད་ཆགས་ལུགས་ལ་བཤད་པ་ཅི་འདྲ་ཡོད། འོ་གོ་གོ་་་་་་།
ངེད་ཆགས་ལུགས་བཤད་པ་འདི་འདྲ་གདའ། སྦྲ་ནག་ཐང་ལ་ཕུབ་པ་དེ། རྒྱ་ནག་ཡུལ་གྱི་ཁ་ཞེང་འདྲ། གཡང་དཀར་གཟན་ལ་ཆས་པ་དེ། སྤྲིན་དཀར་མཁའ་ལ་འཁྲིགས་པ་འདྲ། ནོར་ནག་རི་ལ་བཀྲམ་པ་དེ། སྤྲིན་ནག་ལྷོ་རུ་གཏིབས་པ་འདྲ། རྟ་ཁྱུ་སྤང་ནས་བཤར་བ་དེ། རྐྱང་ཁྱུ་རྩད་གར་རོལ་བ་འདྲ། ངའི་ཆགས་ལུགས་བཤད་པ་དེ་འདྲ་ཡིན། ཨོ་་་་་་བཀྲ་་་་་་་ཤིས་་་་་་་
ཡ། ཁྱེད་བག་མ་བསུ་བའི་རྟེན་འབྲེལ་ལ། བལ་དཀར་གྲུ་བཞི་གདན་ཞིག་ཡོད། རྣམ་དཀར་དགེ་བ་འཕེལ་བའི་རྟགས། གདན་ལ་འབྲུ་ཡི་གཡུང་དྲུང་ཡོད། ཚེ་སྲོག་བྲག་ལས་སྲ་བའི་རྟགས། རྡོ་དཀར་བཟང་པོའི་འགྲོ་ལམ་ཡོད། དོན་བྱ་ལམ་འགྲོ་ཡོད་པའི་རྟགས། བསངས་དུད་ལྷོ་སྤྲིན་འཕྱུར་འདྲ་ཡོད། ཁ་རྗེ་རླུང་རྟ་དར་བའི་རྟགས། ཙན་དན་དཀར་པོའི་བཞོ་ཟེའུ་ལ། འབྲི་མོ་བརྒྱ་ཡི་འོ་བཅུད་བླུགས། སེར་པོ་གསེར་གྱི་མཆོད་སྐྱོགས་ཡོད། དགོས་འདོད་འབྱུང་བའི་རྟེན་འབྲེལ་འགྲིག དེ་རིང་བག་མས་མཆོད་པ་གྱིས། ཨོ་་་་་་་ཡ་་་་་་་།
དགུང་ཞོགས་པའི་མཚམས་སྤྲིན་མདངས་འཛིན་པའི། མགོ་ཝ་ཞྭ་ལན་གསུམ་ལྷ་ལ་ཕུད། ལྷ་དབུ་འཕང་མཐོ་བའི་རྟེན་འབྲེལ་སྒྲིག ཞང་བསོད་ནམས་དར་བའི་རྟེན་འབྲེལ་སྒྲིག མི་དབང་ཐང་རྒྱས་པའི་རྟེན་འབྲེལ་སྒྲིག ཡུལ་སྡེ་འབངས་མཐུན་པའི་རྟེན་འབྲེལ་སྒྲིག སྐྱིད་ལོངས་སྤྱོད་རྒྱས་པའི་རྟེན་འབྲེལ་སྒྲིག བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་གྱུར་ཅིང་། ཚེ་རིང་ལོ་བརྒྱ་བདེ་སྐྱིད་ལྡན་པར་སྨོན། འོ་་་་ཡ་་་ཡ་་་།
གནམ་འཁོར་ལོ་རྩིབས་བརྒྱད་ཀྱི་མངའ་འོག ས་པད་མ་འདབ་བརྒྱད་ཀྱི་གདན་སྟེང་། བར་བཀྲ་ཤིས་རྟགས་བརྒྱད་ཀྱི་རྭ་བ་ན། ལོངས་སྤྱོད་ལྷ་ཡུལ་གཉིས་པ་བཞིན། སྐྱིད་འབྱོར་བ་རྒྱས་པའི་ཡུལ་སྡེ་ན། མགྲོན་སྤྱིན་དཀར་ལང་ལིང་འཁྲིགས་པའི་དབུས། ལུས་ལང་ཚོ་མེ་ཏོག་བཞད་གྱུར་བའི། རིགས་བཟང་ཁྱོ་ཤུག་འཁོར་བཅས་ཀྱི། ཨུཏླ་དམར་པོའི་མཆུ་སྒྲོས་ནས། ཚེམས་དཀར་ཟེའུ་འབྲུ་མངོན་བའིན་དུ། རྣ་བ་ང་ལ་ཚུར་གསོན་ཅིག ཨ་་་་་་་་་་།
ཤར་རྒྱ་ནག་གོས་གཡང་དར་བ་ལ། དར་དཀར་པོ་འབུལ་བའི་སྲོལ་ཞིག་བྱུང་། ལྷོ་རྒྱ་གར་ཆོས་གཡང་དར་བ་ལ། སྤོས་དྲི་ཞིམ་འདུག་པའི་སྲོལ་ཞིག་བྱུང་། ནུབ་སྟག་གཟིག་རྒྱུ་གཡང་དར་བ་ལ། མགུལ་རིན་ཆེན་འདོགས་པའི་སྲོལ་ཞིག་བྱུང་། བྱང་གངས་ཅན་ཕྱུགས་གཡང་དར་བ་ལ། སྐྱིད་རྫི་གླུ་ལེན་པའི་སྲོལ་ཞིག་བྱུང་། སྲོལ་མ་ཉམས་དར་བའི་རྟེན་འབྲེལ་ཆེ། ཡ་་་་་་ད།
དར་དཀར་ཉིན་མོ་བདེ་ལེགས་འདི། ཐོག་མ་ནག་པོ་རྒྱ་ནས་དར། བར་དུ་སེར་པོ་ཧོར་ཡིས་བཙོང་། ཐ་མ་གངས་ཅན་བོད་ཀྱིས་ཉོས། ཡ་་་་་་།
དར་འདིའི་ལོ་རྒྱུས་ཆེ་ལུགས་ལ། བཟོ་བཀོད་ཚངས་པའི་བློ་ཡིས་བྱས། བཟོ་རྩལ་བར་མ་གཉན་གྱིས་བཏོན། བཟོ་རྒྱུ་འོག་མ་ཀླུ་ཡིས་སྤེལ། ཞེང་ལ་ཁ་གང་ཡོད་རྒྱུ་འདི། རྒྱ་ནག་ཁ་ཞེང་ཆེ་བའི་རྟགས། སྲིད་ལ་འདོམ་གང་ཡོད་རྒྱུ་འདི། གངས་ཅན་མི་རྒྱུད་རིང་བའི་རྟགས། བར་བཀྲ་ཤིས་རྟགས་བརྒྱད་རི་མོ་འདི། སྤྱི་འཛམ་གླིང་ཞི་བདེ་ཡོང་བའི་རྟགས། གོང་བླ་མར་ཕུལ་ན་དངོས་གྲུབ་ཐོབ། རྗེ་རྒྱལ་པོར་ཕུལ་ན་ངོ་སོ་མཐོ། དམའ་སློང་མར་སྦྱོན་ན་དབུལ་ཕོངས་སེལ། མི་ཁྱོད་ལ་བཏགས་ན་རྟེན་འབྲེལ་ཆེ། དར་འདི་ཁྱོད་ཀྱི་མགུལ་དུ་གསོལ། ལགས་སོ་་་་་་།
མི་ཁྱོད་གངས་ལ་སེང་གེ་འགྱིང་བ་བཞིན། ཡུལ་སྡེའི་གསེར་ཁྲི་ནོན་པར་ཤོག རྒྱ་སྟག་ནགས་ནས་མཆོང་བ་བཞིན། སྡང་དགྲ་བོ་ཟིལ་གྱིས་གནོན་པར་ཤོག གཡུ་འབྲུག་ལྷོ་ནས་གྲགས་པ་བཞིན། སྙན་གྲགས་ལོངས་སྤྱོད་རྒྱས་པར་ཤོག
བསོད་ནམས་མེ་ལྕེ་དམར་པོ་ཡིས། བྱིན་ཆགས་ཐབ་ཆེན་གྲུ་བཞི་སྟེང་། གཙང་དག་ཟངས་སྣོད་ཡངས་པོ་རུ། རྒྱ་ཇ་ལོ་མའི་ཁུ་བ་ཕབ། འབྲི་མོ་བརྒྱ་ཡི་འོ་མས་བསྐོལ། ཨ་ལ་ལ་་་་་་་།
རྒྱ་གར་ཡུལ་གྱི་འབྲས་ཆང་། རྒྱ་ནག་ཡུལ་གྱི་རྒུན་ཆང་། གངས་ཅན་བོད་ཀྱི་ནས་ཆང་། ལོ་ལ་བསྙལ་བའི་ལོ་ཆང་དཀར་པོ། ཟླ་ལ་བསྙལ་བའི་ཟླ་ཆང་སྔོན་པོ། ཞགས་ལ་བསྙལ་བའི་ཞགས་ཆང་ཁམ་པ། འདི་ཁ་ལ་འཐུང་ན་སྐོམ་པ་སེལ། ལྷོ་ལ་བསྟེན་ན་ལྟོགས་པ་འཇོམས། རྒྱུན་དུ་བསྟེན་ན་ས་ཟུངས་བདེ། དེ་རིང་མི་ཕོ་ཁྱོད་ཀྱིས་བཞེས་རོགས་མཛོད། ཨོ་ཡ་ཡ་་་་་་་།
ཇ་དེམ་དདུལ་དཀར་ཞུན་མས་གྲུབ། དེམ་མཆུ་ཆུ་སྲིན་རི་མོས་མཛེས། ལྟོ་བ་ཟླ་བའི་དཀྱིལ་འཁོར་རྒྱས། དེམ་ལུང་གཡུ་འབྲུག་འཁྱིལ་བ་འདྲ། དེམ་ཏོག་རྒྱལ་མཚན་སྒྲེང་བ་འདྲ། འོ་ཡ་ཡ་་་་་་་་།
ཕུར་བུ་གཡང་ཊི་དཀར་པོས་གྲུབ། ཁ་ཐུམ་སེར་པོ་གསེར་གྱིས་བརྡུང་། ཞབས་རུ་ཁམ་པ་དདུལ་གྱིས་བརྒྱན། ཕྱི་ལ་ཁྱུང་འབྲུག་རི་མོ་བཀྲ། ནང་དུ་ནོར་བུ་དགའ་འཁྱིལ་ཡོད། དེ་རིང་བག་མའི་བཞེས་སྣོད་གྱིས།
ཟ་ཁེམ་ཉི་ཟླ་ཁ་སྤྲོད་ལ། བྱུ་རུ་དམར་པོའི་ཕྲ་བརྒྱན་ཡོད། དེ་རིང་བག་མའི་བཞེས་སྤྱད་གྱིས།
ཤ་སྡེར་གསེར་གཞོང་སེར་པོ་ཡིན། བཙོས་ཤ་གཡང་དཀར་སོག་གཡས་ཡིན། ཤ་གྲི་དདུལ་དཀར་ཕྲ་མ་ཡིན། ཡ་ཡ་་་་་་་།
སོག་མགོ་དུང་ཟོ་དཀར་ཆུང་ནི། འབྲི་འོ་བཅུད་ཀྱིས་བཀང་བ་འདྲ། སོག་སྐེད་རྫ་དཀར་སྐྱ་མོ་ནི། ར་ལུག་འཕྲང་ནས་བཤར་བ་འདྲ། སོག་ཟེ་གཟར་མོ་རི་གདོང་ནི། གླང་ཆེན་གྱེན་ལ་ཉལ་བ་འདྲ། སོག་གཞུང་ན་ལྕེ་དམར་མོ་ནི། གུར་ཀྱམ་ཁུ་བས་བྱུགས་པ་འདྲ། ཕྱི་ཚིལ་གངས་དཀར་ལྷུན་པོ་ནི། ཟླ་འོད་གདོང་ལ་ཕོག་པ་འདྲ། སོག་པའི་ཨ་ཕྲུམ་སྐྱ་མོ་ནི། གུར་མཐའ་ཕུར་བས་བརྒྱངས་པ་འདྲ། དེ་རིང་བག་མ་ཁྱོད་ཀྱིས་བཞེས། གཞིས་ཕུན་སུམ་ཚོགས་པའི་རྟེན་འབྲེལ་ཡོད། ཀི་ཧོ་བསྭ་གསུམ་གྱིས་ལྷ་རྒྱལ་ལོ།
རིགས་བཟང་བུ་དང་ཆུང་མ་གཉིས། ས་ཡི་ཀུ་མུད་འདབ་སྟོང་ལ། མཁའ་ཡི་ཟླ་ཟེར་རེག་པ་བཞིན། ཡིད་ལ་དགའ་བདེས་ཁྱབ་པར་ཤོག མདོངས་མཐའ་སྒེག་མོའི་རྣ་བ་རུ། དབྱར་རྔ་སྙན་མོ་ཐོས་པ་བཞིན། བུ་དང་བུ་མོའི་རྒྱུད་འཕེལ་ཞིང་། བཀྲ་ཤིས་གཡང་གིས་འཁྱུད་པར་ཤོག། ཅེས་གནས་འདིའི་ཡུལ་སྲོལ་སྐོར་འདིར་སྤྱི་བཤད་ཙམ་ཡིན།