བོད་ཀྱི་དཀར་ལས་རིག་གནས་ཀྱི་སྐོར་གླེང་བ།

        2015-08-03

བོད་ཀྱི་དཀར་ལས་རིག་གནས་ཀྱི་སྐོར་གླེང་བ།

མར་རྣམས་ཉར་ཚགས་ཀྱི་ཐབས་ཤེས།  
བཅུད་ལྡན་མར་གྱི་རིགས་རྣམས་ཉར་ཚགས་བྱེད་སྟངས་ཐད་ལ།འབྲོག་པའི་ཡུལ་ལུང་སོ་སོར་མི་རབས་ནས་མི་རབས་སུ་ཉམས་མྱོང་གསོག་འཇོག་བྱས་པའི་ཐབས་ཤེས་མང་པོ་ཡོད་ཅིང་།དེ་དག་ཀུན་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་རྒྱུད་རིམ་ལས་མར་རྣམས་ཉར་ཚགས་ཡུན་རིང་བྱེད་ཐུབ་པའི་ལེགས་ཆ་སྣ་ཚོགས་ཡོད་པ་སྨོས་མ་དགོས་ལ།འདིར་མར་རྣམས་ཉར་ཚགས་བྱེད་པའི་ཐབས་ཤེས་ཐད་རང་ཉིད་ཀྱིས་རྒྱུས་མངའ་ལྡན་པ་ཞིག་ངོ་སྤྲོད་ཞུས་ན།དང་པོ་ཞོ་དཀྲོག་ནས་མར་རྡོག་ཐོན་རྗེས་དར་བ་ལས་ལོགས་སུ་བཏོན་ནས་འོ་ཚགས་སམ།གཟར་བུའི་རིགས་ཤིག་གིས་ཟོམ་དང་།སྡེར་མ་གང་རུང་དུ་བཏོན་ནས་བཅག་བཅག་ལེགས་པོས་དར་ཆུའི་རིགས་གང་ཐུབ་བཏོན་ཏེ་མར་རྡོག་སྒོར་མོར་བསྒྲིལ་ནས་འཁྱགས་སུ་འཇོག་སྲོལ་ཡོད་ལ།ཞོ་དཀྲོགས་ས་དེ་གྲོད་པུ་དང་།རྐྱལ་བ་སོགས་ཀྱི་ནང་དུ་ཡིན་ན་ཞོ་ཐོན་རྗེས་ཕྱི་ནས་ཐབས་མཁས་པོས་གཡས་བསྐོར་དང་གཡོན་བསྐོར་དང་།དཀྲུག་དཀྲུག་དལ་བོ་བཏང་ནས་མར་རྣམས་ཕྱོགས་གཅིག་ཏུ་ཟླ་སྒྲིལ་རྗེས།དར་བའི་རིགས་སྣོད་གཅིག་ཏུ་ལོགས་སུ་བཞུར་མཚམས་མར་དེ་གྲོད་པུ་དང་རྐྱལ་བ་གང་ཡིན་དེའི་ཁུག་གཅིག་ཏུ་རྡོག་པོར་སྒྲིལ་བའི་སྐེ་ནས་སྐུད་པས་ལེགས་པར་དམ་སྟེ་འཁྱགས་ལ་གཏོང་བ་དང་།སང་ཞོགས་ལྟ་བུ་གནམ་གཤིས་ཅུང་ཟད་གྲང་ངར་ཆེ་བའི་དུས་ལ་གྲོད་པུ་དང་རྐྱལ་བའི་ནང་ནས་བཏོན་ཏེ་མར་སྒམ་དུ་གསོག་པ་ཡིན།མར་སྒམ་དུ་ཉིན་ལྔ་དྲུག་ཙམ་བསགས་ནས་མར་རིལ་ལམ་མར་ལྟང་ཆེ་ཆུང་གང་རུང་དུ་རྒྱག་ཆོག་པའི་མར་དཀྲོག་ཅུང་མང་པོ་གསོག་ཐུབ་པའི་རྗེས།མར་རྣམས་བརྫིས་ཤ་ལེགས་པོ་བཅད་ནས་མར་རིལ་དང་མར་ལྟང་བཟོ་དགོས་པ་ཡིན། སྐབས་དེར་འབྲོག་མོ་རྣམས་ཀྱིས་ལག་པ་བཀྲུས་རྗེས་ཤིན་ཏུ་གཙང་བའི་གཞོང་པ་གང་རུང་ལ་ཆུ་གྲང་ཕྱེད་ཙམ་བླུག་པའི་ནང་དུ་མར་དཀྲོག་རྣམས་ཆུང་ངུར་གསེས་རྗེས་ཆུ་དང་མཉམ་དུ་བརྫི་བ་དང་།ལག་པ་གཉིས་ཀྱི་བར་དུ་སྦར་ལྕག་བཞུ་རེས་ཀྱིས་ཆུ་འབུད་པ།གྲོད་པུ་དང་རྐྱལ་བ་གང་རུང་གི་ནང་དུ་ཤུགས་ཀྱིས་རྫོངས་པ་བཅས་གོ་རིམ་ལྡན་པའི་སྒོ་ནས་ལས་ཀྱི་ཡོད་ཅིང་།ལག་པ་གཉིས་ཀྱིས་སྦར་ལྕག་བཞུ་རེས་བྱས་ནས་བརྫི་སྐབས་ཐག་སྒྲ་དང་བཅས་ཆུ་ཟིལ་སྣ་ཚོགས་ལུས་སྟེང་དུ་འཐོར་ཡོང་བ་དང་།ཆུ་ལྕག་བྱེད་བཞིན་བདེ་ལྕག་འཁྱུག་པོས་མར་རྡོག་གྲུ་བཞི་འཇོང་དབྱིབས་ཀྱི་རྣམ་པ་ཅན་མར་ལྟང་ནང་དུ་རྫོངས་བདེ་བ་ཤ་སྟག་བཟོ་བ་ཡིན། དར་བའི་གཡའ་ཅུང་ཟད་ལུས་ཀྱང་མར་དེ་ཁ་ཚ་རུལ་སུངས་འགྲོ་བའི་རྒྱུ་བྱེད་པ་ཡིན་པས་ཆུ་ཐེངས་གསུམ་ཙམ་ཕུད་ནས་མར་གྱི་བརྫིས་ཁུར་དར་ཆུའི་གཡའ་ཅུང་ཟད་ཙམ་ཡང་མེད་པར་སྔོ་སིམ་མེར་གནས་པའི་བར་ཆུའི་ནང་དུ་བརྫིས་བཅག་དང་།དར་བ་འབུད་པ་བཅས་བྱ་དགོས་པ་ཡིན་ཏེ།མར་གྱི་དཀྱིལ་དུ་དར་བའི་གཡའ་ཅུང་ཟད་ལུས་པ་ཡིན་ན་ཡང་དུས་ཡུན་རིང་པོ་མ་སོང་བར་མར་རྣམས་དེའི་ཐད་ནས་སྔོན་པོར་གྱུར་ནས་རུལ་འགྲོ་བ་ཡིན།དེ་རྗེས་གྲོད་བུ་དང་རྐྱལ་བ་གང་རུང་གི་ནང་རྫོངས་ལེགས་པོས་མར་ལྟང་རྒྱག་དགོས་ལ།རྫོངས་ལུགས་ཀྱང་གྲོད་པུ་དང་རྐྱལ་བའི་ཁ་ནས་ཤུགས་ཀྱིས་རྫོངས་པ་དང་།མར་ལྟང་ས་ལ་ཡང་མོར་བརྡབས་ནས་མར་ལྟང་གི་བཟོ་བཀོད་དང་རྫོངས་དུས་གཅིག་ཡོང་བ་བྱེད་པ་བཅས་ཡིན།གལ་ཏེ་མར་ལྟང་རྒྱག་སྐབས་སྐོགས་ཀྱི་ཁུག་ཅུང་ཟད་ཙམ་སྟོང་པར་ལུས་ན་ཡང་རྗེས་སུ་མར་དེ་ཁ་ཚ་རུལ་སུངས་འབྱུང་བའི་རྒྱུ་གཙོ་བོ་བྱེད་པ་ཡིན་པས།རྫོངས་ལེགས་ལ་བཟོ་བཀོད་མཛེས་པ།ཆེ་ཆུང་འཚམས་པ་ཞིག་བཅས་བྱེད་པ་ཡིན།མར་ལྟང་གི་ཁ་འཚེམ་སྐུད་པ་ཡང་བལ་སྐུད་སོགས་ཀྱིས་མི་བྱེད་པར་ངེས་པར་དུ་རྩིད་སྐུད་ནག་པོ་ཕྱི་གྲིམ་སྒྲིམ་ནས་བཟོས་པ་ཞིག་གིས་བྱེད་ཀྱི་ཡོད་ཅིང་།དེའི་རྒྱུ་མཚན་ནི་བལ་སྐུད་ཀྱིས་བྱས་ན་བལ་གྱི་དྲོད་ལ་བརྟེན་ནས་སྐོགས་མཚམས་ཏེ་འཚེམ་བུ་བརྒྱབ་སའི་བརྒྱུད་དུ་རུལ་སུངས་འབྱུང་སླ་བར་གྲགས་ལ།རྩིད་སྐུད་ཀྱིས་བཙེམ་ན་རྩིད་པ་ནི་རང་བཞིན་ཤིན་ཏུ་བསིལ་བའི་མཐུ་ལས་མར་དེ་དུས་ཡུན་རིང་པོར་ཁ་ཚ་རུལ་སུངས་མི་རྒྱག་པར་ཕན་པར་གྲགས། དེ་ལྟར་མར་ལྟང་བཟོས་ཚར་རྗེས་སྒྱེ་མོའི་ནང་དུ་ནོར་གྱི་རྔ་རྩིད་སོགས་རྩིད་པའི་རིགས་ཀྱིས་བཏུམས་ནས་ཤིན་ཏུ་བསིལ་ལ་སྐམ་ཤས་ཅན་གྱི་ས་ཆ་གང་ཡིན་དུ་འཇོག་སྲོལ་ཡོད་ཅིང་།བརྫིས་ཤ་ལེགས་ལ་འཇོག་སྣོད་སྒྱེ་མོ་ཡིན་པ་གང་ཞིག རྩིད་པའི་དཀྱིལ་ལ་བཅུག་པའི་མར་རྣམས་ལོ་འགའ་ཤས་བཞག་ཀྱང་ཁ་ཚ་རུལ་སུངས་ཅུང་ཟད་ཙམ་ཡང་མི་ཕོག་པར་སྡོད་ཀྱི་ཡོད་ཚུལ་བྱང་འབྲོག་རྒན་པོ་ཚོར་ཤོད་རྒྱུ་འདུག་ལ།དེ་མིན་ཡུལ་ལུང་འགའ་རེས་ནས་འབྲུའི་གསེབ་ཏུ་འཇོག་སྲོལ་ཡང་ཡོད་པར་གྲགས། གཞན་ཡང་འབྲོག་པའི་ཡུལ་གྲུ་ལ་ལར་མར་ལྟང་གི་ཁོག་པར་ཆུ་རྡོ་རིལ་མོ་དེ་འདྲ་འཇུག་སྲོལ་ཡོད་པ་དང་།དེ་ཡང་ཆུ་རྡོ་ནི་ཡུན་རིང་ཆུའི་ནང་དུ་གནས་པའི་དངོས་པོ་ཞིག་ཡིན་སྟབས།བསིལ་བའི་རང་བཞིན་གྱི་དམིགས་བསལ་ཁྱད་ཆོས་ལྡན་ཕྱིར་མར་ལ་ཁ་ཚ་རུལ་སུངས་མི་རྒྱག་པའི་ཕན་ནུས་ཆེན་པོ་ཐོན་གྱི་ཡོད་པས་ཡིན་རབས་ཤོད་རྒྱུན་འདུག
 མར་གྱི་དབྱེ་བ།  
མར་ལ་སྤྱིར་འབྲི་མར་དང་།ལུག་མར།ར་མར།མཛོ་མོའི་མར།བ་མར་ཏེ་ཕྱུགས་ཟོག་སོ་སོའི་ཐོན་ཁུངས་ལས་བཏགས་པ་ཡིན་ལ།བྱེ་བྲག་སོ་སོ་ལ་ཡང་ཉར་ཚགས་དུས་ཡུན་རིང་ཐུང་གི་སྒོ་ནས་མར་གསར་དང་།མར་རྙིང་ཞེས་རིགས་གཉིས་ཡོད་ཅིང་།ཡང་ནམ་དུས་ཀྱི་ཁྱད་པར་ལས་སྐྱ་མར་ཏེ་དགུན་དཔྱིད་དུས་ཀྱི་མར་དང་།སྔོ་མར་ཏེ་དབྱར་སྟོན་གཉིས་ཀྱི་མར་ཞེས་རིགས་ཆེན་པོ་གཉིས་ཡོད་ལ།དེ་ལས་ལུག་མར་ནི་རྩ་བའི་ཆ་ནས་ནམ་ཟླ་དུས་བཞིའི་ནང་ནས་དབྱར་ཁ་མ་གཏོགས་བཞོ་ཡས་མེད་ཅིང་།མར་གྱི་ཁ་དོག་དེ་དཀར་པོ་ཡིན་པ་གང་ཞིག་ཅུང་ཟད་སེར་ཤས་ལྡན་པ་ཞིག་ཡོད་པ་དང་།ར་མར་དེ་ཡང་ནམ་ཟླ་དུས་བཞིའི་ནང་ནས་དབྱར་སྟོན་གཉིས་ལ་མ་གཏོགས་རྩ་བའི་ཆ་ནས་བཞོ་ཡས་མེད་པ་དང་ཁ་དོག་སྔོ་ཤས་ཅུང་ཟད་ལྡན་པའི་དཀར་པོ་ཞིག་ཡོད།ནམ་ཟླ་དབྱར་དགུན་གཉིས་ལ་ཁ་དོག་གི་དབྱེ་བ་ཁྱད་པར་ཆེ་ཤོས་ནི་འབྲི་མར་ཡིན་ཏེ།དབྱར་དང་སྟོན་ཁའི་དུས་ཏེ་རྩྭ་ཐོག་སྔོ་རྩྭ་བཟས་པའི་མར་དེ་སེར་པོ་སྤོས་ཤེལ་ལྟར་ཤིན་ཏུ་དྭངས་ཤིང་འཚེར་བ་ཞིག་ཡོད་སྟབས་འབྲི་མར་སེར་པོ་སྤོས་ཤེལ་འདྲ་ཞེས་དམངས་ཁྲོད་ཁ་རྒྱུན་ལ་ཡང་ཡོངས་སུ་གྲགས།འོན་ཀྱང་།དགུན་ཁ་སྐྱ་རྩྭ་བཟས་པའི་མར་ནི་ཁ་དོག་དཀར་པོ་དཀར་རྐྱང་ཡིན་པས་ཕྱུགས་ཟོག་གི་མར་ལ་རྒྱུས་མངའ་དེ་ཙམ་མེད་པ་ཞིག་ཡིན་ཚེ་ལུག་དང་རའི་མར་ལ་ནོར་འགྲོ་བ་ཞིག་ཡིན་མོད།འབྲོག་པ་རྒན་པོ་ཞིག་ལ་མཚོན་ན་མཐོང་བ་ཙམ་གྱིས་དབྱེ་བ་སོ་སོར་ཕྱེ་ནུས་པ་ཡིན།མར་གསར་དང་མར་རྙིང་གཉིས་ནི་ཁ་ཚ་རུལ་སུངས་མེད་པའི་མར་རྙིང་དེ་བཅུད་ཆེ་ལ་ཇའི་རྡོར་བྱས་ནས་མར་ནོན་ཆེ་བ་བཅས་ཡོད་ལ།མར་གསར་ནི་བྲོ་བ་ལེགས་ཤིང་།འཇུ་སླ་བ།མར་དྲི་བཟང་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད།
མར་གྱི་རིན་ཐང་།  
མར་ནི་བོད་མི་རིགས་ཚོར་དུས་རྒྱུན་དུ་ཁ་བྲལ་ཐབས་མེད་པའི་ཟས་རིགས་རྩ་ཆེན་ཞིག་ཡིན་ལ།བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཟས་རིགས་མང་པོ་ཞིག་མར་གྱི་ཐུན་མིན་ཁྱད་ཆོས་ལས་བྲོ་བ་དམིགས་བསལ་དུ་ཐོན་པ་ཞིག་ཡིན།ཨ་མདོ་བས་རྩམ་སྐྱ་ཟས་ན་ངོ་ཚ་ཞིག་ཏུ་བསྒོམས་ཤིང་།དབུས་གཙང་པས་ཇ་བསྲུབས་མ་མེད་ན་མགྲོན་པོའི་མགྲོན་ངོ་མི་ལོན་པར་བརྩི།
ཡ་གིའི་ཕྱེ་མར་གངས་རི་སྤུངས་པའི་ཡས་སྒྲོན་དང་།སྣང་གསལ་འོད་ཀྱི་དཀྱིལ་འཁོར་གྱི་རྩ་བ་ཡིན་ལ། མ་གིའི་མདང་སྐྱེས་གཅེས་ཕྲུག་གི་རྐན་མར་དང་། སྦྲུམ་མའི་ལུས་གསོས་ཟས་རིགས་གཙོ་བོ་དེའང་ཡིན།ཕ་གིའི་བླ་མཆོད་ཀྱི་ཞབས་ཏོག་དང་།རྩ་ཆེའི་མགྲོན་པོའི་སྐྱོས་མའང་མར་གྱིས་གཙོ་བོར་བྱས་ནས་བཟོས་པ་ཡིན། མཆོད་ཆང་བདུད་རྩིའི་ཉིང་ཁུ་འདྲེན་སྐབས་ཡས་སྒྲོན་དུ་ངེས་པར་མཁོ་ཞིང་། སྨན་མར་སྟོབས་སྐྱེད་མདངས་སོས་ཀྱི་བཟོ་རྒྱུ་གཙོ་བོ་དེའང་ཡིན།ལྷ་གསོལ་གཡང་ལེན་དར་འཛུགས་ཀྱི་སྐབས་སུའང་དགོས་པ་མ་ཟད།འདྲེ་བརྡུང་བྱུར་ཕུད་ཀྱི་ཆོ་ག་བཤམས་དུས་ཀྱང་ངེས་པར་དགོས་པ་ཡིན། ལོ་གསར་དབྱར་སྐྱིད་དུས་ཆེན་དང་། གཉེན་སྦྱོར་བག་མ་བསུ་ལེན་སོགས་རྟགས་དང་རྟེན་འབྲེལ་སྒྲིག་པའི་དགའ་སྟོན་གྱི་ཡོ་ལང་སྐབས་སུ་དགོས་མཁོ་ཆེ་ལ།མི་ཤི་བྱུར་ཆག་གི་རྐྱེན་ངན་ཇུས་ཉེས་འཕྲད་པའི་དུས་སུའང་མེད་ཐབས་མེད་པའི་དངོས་པོ་ཞིག་ཡིན་པས་བྱང་འབྲོག་གི་གཉེན་བཤད་ཅིག་ཏུ་མར་གྱི་དགོས་མཁོའི་རང་བཞིན་དང་། རིན་ཐང་གི་རང་བཞིན་མང་པོ་ཞིག་བཤད་འདུག་པ་དཔྱད་གཞི་ཙམ་དུ་བཀོད་ན།
  དཀར་སེར་མར་ལ་འདྲ་མ་ཡོད།།  ནོར་འཛིན་ས་ཡི་ཡང་བཅུད་དེ།།
  རྩི་ཐོག་ལོ་མ་ཕྱགས་ཀྱིས་སྤྱད།།  མ་འབྲི་དཀར་ནག་ཁྲ་གསུམ་ལ།།
  རྩི་བཅུད་འོ་མའི་རྒྱ་མཚོ་འཁྱིལ།།  འོ་མའི་སྙིང་པོ་མར་ལ་བསྡུས།།
  མར་ཕུད་མཆོད་པའི་དྭངས་མ་བྱས།།  མར་དཀར་སྨན་གྱི་ཞལ་ཏ་བྱས།།
  མར་སེར་རྒྱ་ཇའི་མདངས་ལེན་བྱས།།  མར་སྣུམ་རྩམ་པའི་བཅུད་འཛིན་བྱས།།
ཡར་མཆོད་ལྷ་ཡི་ཞལ་ཏ་ཡིན།། མར་སྦྱིན་མགྲོན་གྱི་ཞལ་ཏ་ཡིན།།  ཞེས་མར་ནི་བོད་རིགས་ཚོའི་རྒྱུན་གྱི་བཏུང་བྱ་རྒྱ་ཇ་ཁམ་པ་དང་།རྒྱུན་གྱི་ཟས་བཅའ་སྦྲང་དཀར་རྩམ་པ་གཉིས་ལ་མེད་དུ་མི་རུང་བའི་སྦྱོར་སྡེབ་ཞིག་ཡིན་པར་མ་ཟད།འཚོ་བཅུད་ཕུན་སུམ་ཚོགས་པའི་ཐུད་དང་།རྟེན་འབྲེལ་ཕུན་སུམ་ཚོགས་པའི་ཕྱེ་མར་སོགས་རྒྱུན་ཟས་དང་མགྲོན་ཟས་གང་ལའང་དགོས་མཁོ་ཆེ་བས་འཚོ་བའི་ཁྲོད་རྣམ་ཀུན་ནས་ཁ་འབྲལ་ཐབས་མེད་པའི་ཁ་ཟས་ཤིག་དང་།དུས་དང་རྣམ་པ་ཀུན་ཏུ་དགོས་མཁོ་ཆེ་བའི་ཟས་རིགས་ཤིག ཁ་ཟས་གཡོས་སྦྱོར་གང་ལའང་མེད་དུ་མི་རུང་བའི་རྒྱུ་ཆ་ཞིག་ཡིན་པར་བཤད་པ་ལྟ་བུས་མཚོན་ནུས་པའོ།།
དར་བ།  
དར་བ་ལ་གཉིས་ཡོད་དེ་ཞོ་དཀྲོག་ནས་མར་རྡོག་གཅིག་ཏུ་འདྲིལ་ནས་ལོགས་སུ་དབྱེ་རྗེས་ཞོ་ལས་ངོ་བོ་སླ་རུ་སོང་ཞིང་།བྲོ་བ་སྐྱུར་ཤས་ཆེ་ཙམ་ལྡན་པ་དེར་དར་བ་ཞེས་ཟེར་བ་དང་།ཡང་འོ་མ་དཀྲོག་ནས་མར་རྡོག་བླངས་རྗེས་ཀྱི་དར་བ་སྐྱུར་ཤས་དེ་ཙམ་མེད་པ་ཞིག་དང་རྣམ་པ་གཉིས་ཡོད་ཅིང་།ནག་ཆུ་ས་ཁུལ་ལྟ་བུར་མཚོན་ན་སྔ་མ་ནི་ནུབ་རྒྱུད་འབྲོག་པའི་དཀར་ལས་བྱེད་སྲོལ་ལས་བྱུང་བ་དང་།ཕྱི་མ་ནི་ཤར་རྒྱུད་འབྲོག་པའི་དཀར་ལས་བྱེད་སྲོལ་བྱུང་བ་ཡིན།དེ་ལའང་ཕྱི་མ་ནི་ནམ་ཟླ་དབྱར་དུས་ལྟ་བུར་འོ་མའི་ཐོན་འབབ་བཟང་བས་ཉིན་རེའི་འོ་མ་རྣམས་ཉིན་དེ་རང་དུ་དཀྲོག་པའི་དར་བ་དང་།གནམ་གཤིས་ཚ་བ་དེ་ཙམ་མེད་ཚེ་སྐྱུར་ཤས་དེ་བས་ཆུང་བ་དང་།དགུན་དུས་ལྟ་བུ་འོ་མའི་ཐོན་འབབ་དེ་ཙམ་མེད་པས་ཉིན་མང་པོར་བསགས་རྗེས་དཀྲོག་པའི་དར་བ་དང་།གནམ་གཤིས་ཚ་བ་ཤིན་ཏུ་ཆེ་བའི་སྐབས་འོ་མ་དཀྲོག་པའི་དར་བ་དེ་ཅུང་ཟད་སྐྱུར་ཤས་ཆེ་བ་ཡོད།  དར་བ་དེ་དཀར་ཆུའི་ནང་ནས་ཅུང་ཟད་ཞན་པར་བརྩི་སྲོལ་ཡོད་རུང་།དོན་དུ་དར་བ་ནི་ཉིན་དགུང་ཚད་པའི་དུས་ཀྱི་སྐོམ་གསོས་ཀྱི་བཏུང་བ་མཆོག་་ཏུ་གྱུར་བ་ཞིག་ཡིན་པས།འབྲོག་པའི་ཕྱུགས་རྫི་ཚོས་རྐྱལ་བ་དང་།གྲོད་པུ་ཆུང་ཆུང་དག་གི་ནང་དུ་དར་བ་ཁྱེར་ནས་བྱང་ཐང་ཁུལ་གྱི་དབྱར་སྟོན་ཚ་བའི་སྐོམ་པ་སེལ་བར་བྱེད།གཞན་ཡང་དར་བས་ཁུ་བ་བྱས་ནས་སྤགས་ཟ་སྲོལ་ཡོད་ལ།དར་ཡོས་ཞེས་དར་བར་ཡོས་བླུག་ནས་ཀྱང་ཟ་བ་ཡིན།ད་དུང་ཚར་རུ་མཉེད་སྐབས་དར་བ་ནི་ཚར་རུའི་སྤུ་གྲ་ལེགས་སུ་གཏོང་བྱེད་དང་།ནག་ནོག་དག་བྱེད་ཀྱི་རྒྱུ་ཆ་གཙོ་བོ་དེའང་ཡིན། དར་བ་མེ་ལ་བསྐྱོད་ནས་དུས་ཡུན་རིང་པོ་མི་འགོར་བར་དྭངས་སྙིགས་གཉིས་སུ་ཕྱེ་རྒྱུ་ཡོད་པ་དེའི་དྭངས་མར་ཕྱུར་ཁུའམ་སྔོ་སེང་དང་།ཚིགས་མ་དེར་ལྭ་བོ་ཞེས་ཟེར།དཀར་ལས་ཀྱི་བརྒྱུད་རིམ་དེར་ནག་ཆུའི་ནུབ་རྒྱུད་འབྲོག་པའི་ཁ་སྐད་དུ་ལྭ་བོ་བཅད་པ་ཟེར་ཞིང་།དང་ཐོག་ཞོ་དཀྲོག་སྐབས་ཞོ་དེ་འཁྱགས་ཞུ་མ་སྙོམས་པར་མར་རྡོག་ལེགས་པོ་འདྲིལ་མ་ཐུབ་ན་ཕྱུར་ཁུའི་ནང་དུ་ཞག་མིག་ཙིག་ཙིག་གི་མར་ཁུ་ཕོན་ཆེན་མཐོང་རྒྱུ་ཡོད་ཅིང་དེར་ཕྱུར་ཞག་ཡང་ཟེར་བ་དང་།དེ་ནི་དཀར་ལས་བྱེད་སྟངས་ལེགས་པོ་དང་མཁས་པོ་མ་བྱུང་བའི་རྟགས་ངན་ཞིག་ཡིན།ལྭ་བོ་གཅོད་སྐབས་དེར་ཡང་ཉམས་མྱོང་ཅན་གྱི་ཁྱིམ་འཛིན་མ་ཚོས་མ་གཏོགས་ལེགས་པོ་ཞིག་གཅོད་ཐུབ་པ་མིན་ཏེ།མེ་ཚ་གྲང་གི་ཁྱད་པར་ལས་ལྭ་བོ་དེ་གར་སླ་རན་པོ་མི་ཡོང་བའི་ཉེན་ཁ་ཆེ།གལ་སྲིད་ལྭ་བོ་དེ་སླ་བོར་གྱུར་ན་རྗེས་སུ་ཕྱུར་བ་དེའི་སྤུས་ཚད་ལ་ཡང་སྐྱོན་འབྱུང་སྲིད། ལྭ་བོ་དང་ཕྱུར་ཁུ་འདྲེས་མ་དེ་ཡང་འཕྲལ་དུ་ལོངས་སུ་སྤྱོད་ཆོག་ལ།རོ་སྐྱུར་ཤས་ཅུང་ཟད་ལྡན་ཞིང་བྲོ་བ་ཧ་ཅང་ལེགས།ལྷག་པར་དུ་དགུན་དུས་ཀྱི་འབྲིའི་ལྭ་བོ་དེ་ནི་བྲོ་བ་དམིགས་བསལ་ཆེ་ཞིང་ལུས་ལ་ཡང་འཕྲོད་ཆེ་བའི་འབྲོག་ཟས་རྩེ་གྲ་ཞིག་ཡིན།  ནག་ཆུ་ཤར་རྒྱུད་འབྲོག་ཁུལ་མང་ཆེ་བས་དར་བ་དེ་ཉིད་མངར་ཤས་ལྡན་ཆེ་བའི་སྐབས་སྔོ་ཕྱུར་བཟོ་བ་དང་།སྐྱུར་ཤས་ལྡན་ཆེ་བའི་སྐབས་སྐྱ་ཕྱུར་བཟོ་སྲོལ་ཡོད། ད་དུང་དར་བ་དེ་ཡང་བཀྲ་ཤིས་རྟེན་འབྲེལ་གྱི་བཏུང་བ་ཞིག་ཡིན་པ་ནི།ལས་དབང་ཐང་དར་བའི་དར་ར།ཚེ་བསོད་ནམས་དར་བའི་དར་ར།རྟག་རྟེན་འབྲེལ་དར་བའི་དར་ར།ནོར་ལོངས་སྤྱོད་དར་བའི་དར་ར།ཁྱིམ་ཟས་གོས་དར་བའི་དར་ར་ཞེས་ཡུལ་གྲུ་ལ་ལས་གཉེན་སྒྲིག་རྟེན་འབྲེལ་སྐབས་སུ་འདྲེན་སྲོལ་ཡོད་པ་དང་།དར་བར་ཆུ་ཅུང་ཟད་བསྲེས་པའི་དར་ཆུ་ནི།འབྲོག་པ་ཚོས་གྲིབ་དང་མི་གཙང་སེལ་བའི་རང་བྱུང་ཁྲུས་ཆུ་བཟང་བོ་ཞིག་ཏུ་བརྩི་སྲོལ་ཡོད་སྟབས།དབྱར་དུས་ལུག་བལ་བྲེགས་ཚར་རྗེས་ལུག་རྣམས་ལ་འབྲེག་མཁན་ཚོའི་གྲིབ་དང་མི་གཙང་བའི་རིགས་མི་ཕོག་པ་དང་།སྔར་ལས་ཤ་ཤེད་བཟང་ཞིང་བརྒྱ་འཕེལ་སྟོང་འཕེལ་དུ་འཕེལ་ཁ་བཟང་པོ་ཡོང་བའི་བཀྲ་ཤིས་རྟེན་འབྲེལ་མཚོན་བྱེད་དུ།ལུག་རྣམས་ལྷས་རའི་སྒོ་ནས་བཤར་བ་ལ་དར་ཆུ་བཤོས་བཞིན།དར་རོ།དར་རོ།ལུག་གཡང་མོ་བརྒྱ་འཕེལ་སྟོང་འཕེལ།།ཁྲི་རལ་བའི་ཁ་ལོ་བསྒྱུར་རྒྱུ་དང་།།འབུམ་ཁ་ཡིག་གི་བདག་པོ་ཡོང་བར་ཤོག །ཅེས་དང་།ཐར་རོ་།ཐར་རོ།དགྲ་ཁ་ནས་ཐར་རོ།།ནད་ཁ་ནས་ཐར་རོ།།ཞེས་སྨོན་ལམ་འདེབས་པ་ལྟ་བུའོ།།ད་དུང་དར་བ་ནི་གྲིབ་དང་མི་གཙང་བའི་རིགས་ཀུན་གཙང་མར་དག་པར་བྱེད་པའི་ཁྲུས་ཆུ་ཞིག་ཡིན་པར་ངོས་འཛིན་བྱེད་པའི་ཡུལ་གོམས་དེས་མི་ཕྱུགས་ལ་ཐོག་གློག་འཁྱུད་ནས་དྲན་མེད་དུ་བརྒྱལ་སྐབས་ཀྱང་ལག་པས་མ་རེག་གོང་ཐོག་མར་དར་ཆུ་གཡོགས་སྲོལ་ཡོད་པ་དང་།གཉེན་སྒྲིག་དགའ་སྟོན་ཡོ་ལང་སྐབས་སུ་སྒོ་ཁའི་བུ་མོ་གསུམ་གྱིས་འོ་ཆུའམ་དར་ཆུ་གང་རུང་བཟུང་ནས་འདུག་པ་ཡང་གྲིབ་དང་མི་གཙང་སེལ་བའི་རྟེན་འབྲེལ་མཚོན་བྱེད་ཅིག་ཡིན་པ་ཤོད་མ་དགོས་པས།དར་བ་ནི་བླ་མ་སྐྱེས་ཆེན་གྱི་བྱིན་འབེབས་དང་གུར་གུམ་སོགས་ཁྲུས་རྫས་གཞན་དག་མ་འདྲེས་པའི་འབྲོག་པ་རང་ཉིད་ཀྱི་མ་བཅོས་རང་བྱུང་གི་གྲིབ་དང་མི་གཙང་དག་པའི་ཁྲུས་ཆུ་ཞིག་ཡིན་པར་བརྩི་བ་དེའོ།། 

  • ལེ་ཚན་སྔོན་མ།:བོད་ཀྱི་གནའ་དེང་རྡོ་བརྐོས་རིག་གནས།
  • ལེ་ཚན་རྗེས་མ།:ཁམས་མི་ཉག་སྨུག་རོང་ཡུལ་གྱི་རྫ་བཟོའི་རིག་གནས་སྐོར།
  • དོ་སྣང་ཆེ་བའི་རྩོམ།