ཤོ་ལ་སོགས་པའི་རིག་རྩེད།

        2013-05-30

ཤོ་ལ་སོགས་པའི་རིག་རྩེད།

བོད་མིར་མི་རིགས་གཞན་དང་འདྲ་བར་རིག་རྩེད་ཀྱི་རིགས་མང་པོ་ཡོད།འདིར་རེ་རེ་བཞིན་ངོ་སྤྲོད་ཞུ་དཀའ་ཡང་བོད་མིའི་ནང་ཧ་ཅང་དར་ཁྱབ་ཆེ་བའི་ཤོ་རྩེད་དང་།རྒྱལ་པོ་རྒྱན་རྩེད།སྟག་ས་ལུག་ས།ས་གནོན་རྣམ་བཞག་ལ་སོགས་ངོ་སྤྲོད་རོབ་ཙམ་ཞུས་ན་འདི་ལྟ་སྟེ།རྒྱལ་པོ་རྒྱན་རྩེད་ཀྱི་རྩེད་སྟངས་ནི་རྡེའུ་འགྲོ་སའི་ལམ་ཐིག་རི་མོ་རྙོག་རྫིང་ཆེ་བ་ཞིག་ཡོད་པ་དེར་སྒོ་གཅིག་དང་སྒོ་གཉིས་ཀྱི་རྩེད་སྲོལ་ཁག་གཉིས་ཡོད་ཅིང་།སྒོ་གཅིག་གི་རྩེད་སྟངས་དེར་རྡེའུ་ཆུང་བ་བཅུ་གཉིས་དང་ཆེ་བ་གཅིག་ཡོད་པས་རྡེའུ་ཆེ་བ་དེ་རྒྱལ་པོའམ་སྟག་གི་ཚབ་བྱེད་ཡིན་པ་དང་།རྡེའུ་ཆུང་བ་བཅུ་གཉིས་དེ་དམག་མིའམ་ལུག་གི་ཚབ་བྱེད་ཡིན།ལམ་ཐིག་ཐོག་གི་འགྲོ་ལུག་ལྟར་རྩེད་རྩལ་གྱི་ཐོག་ནས་རྒྱལ་ཕམ་དབྱེ་མཚམས་གཅོད་ཀྱི་ཡོད། སྒོ་གཉིས་ཀྱི་རྩེད་སྟངས་དེར་རྡེའུ་ཆེ་བ་གཉིས་ཡོད་པ་དེས་རྒྱལ་པོའམ་སྟག་གི་ཚབ་བྱེད་པ་དང་།རྡེའུ་ཆུང་བ་བཅུ་དྲུག་ཡོད་པ་དེས་དམག་མིའམ་ལུག་གི་ཚབ་བྱས་ཏེ་འགྲོ་ལུགས་ལྟར་རྩེད་རྩལ་གྱི་ཐོག་ནས་རྒྱལ་ཕམ་དབྱེ་མཚམས་གཅོད་ཀྱི་ཡོད་པ་རེད། ས་གནོན་རྣམ་བཞག་ཞེས་པའི་རིག་རྩེད་དེར་ཆོས་ལུགས་ཀྱི་ཤན་ཆེན་པོ་ཞུགས་ཡོད་ཅིང་།རིག་རྩེད་དེ་ནི་དེ་སྔ་གཙོ་བོ་དགོན་པའི་ནང་གི་གྲྭ་པས་རྩེད་ཀྱི་ཡོད་པ་ལས་མི་སེར་དཀྱུས་མའི་ཁྲོད་དུ་དེ་ཙམ་གྱི་དར་ཁྱབ་མེད།རྩེད་སྟངས་ཐད་ལ་འོག་དམྱལ་བ་ནས་སྟེང་ལྷ་གནས་སུམ་ཅུ་རྩ་གསུམ་དང་།ས་བཅོ་བརྒྱད་པ་ཡན་ཆོད་བཅས་ཐིག་རིས་སུ་བཀོད་ནས་དེར་ཤོ་ཡ་གཅིག་བརྒྱབ་སྟེ་ཤོ་མིག་ཆེ་ཆུང་ལྟར་ཐིག་རིས་ཐོག་བསྐྱོད་དེ་ཡར་ཐོན་མར་ལྷུང་བའི་ཐོག་ནས་རྒྱལ་ཕམ་གྱི་དབྱེ་མཚམས་གཅོད་ཀྱི་ཡོད། ད་དུང་བྱིས་རྩེད་ལ་ཨ་ལྕུག་རྒྱག་པའི་སྲོལ་ཡོད་ཅིང་།ཨ་ལྕུག་ལའང་ར་དང་ལུག རྟ་དང་བོང་བུ་ཅེས་རྩེད་སྟངས་འགའ་ཤས་ཡོད།སོ་སོས་གང་བདམས་པ་དེ་ལངས་མིན་ལ་ལྟས་ནས་རྒྱལ་ཕམ་དབྱེ་མཚམས་གཅོད་པ་དང་།ཨ་ལྕུག་གྱང་གི་ཐོག་ཏུ་བཞག་ནས་དེར་ཨ་ལྕུག་གཞན་ཞིག་གཞུས་ཏེ་ཕོག་མིན་ཚ་ཁ་ལྟ་བ་སོགས་མང་། ཤོ་རྩེད་ནི་བོད་མིའི་ནང་དར་ཁྱབ་ཆེ་ཤོས་ཀྱི་རིག་རྩེད་ཅིག་ཡིན་ལ་དེར་བོད་མིས་ཧ་ཅང་གི་དགའ་པོའང་བྱེད་ཀྱི་ཡོད་ཅིང་།ཤོ་རྩེད་དེར་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་ཁྱད་ཆོས་ཞིག་ཡིན་པ་ནི་ཤོ་རྩེད་ལ་རོལ་སྐབས་ལྐུག་ཤོ་མིན་པར་བརྗོད་བྱ་ལོ་རྒྱུས་དང་།བཞད་གད།ཟུར་ཟ་སོགས་ཀྱི་ནང་དོན་ཕུན་སུམ་ཚོགས་པའི་ཤོ་བཤད་རྒྱག་རྒྱུ་ཡོད་པ་ནི་རིག་རྩེད་གཞན་གང་ཞིག་ལའང་མེད་པ་ཞིག་ཡིན། སྤྱིར་བཏང་ཤོ་ཡི་རྩེད་སྟངས་ལ་གཉིས་འཛིང་དང་གསུམ་འཛིང་གཉིས་སུ་འདོད།མི་གཉིས་གཉིས་ཆ་བྱེད་པའི་ཆ་འཛིང་ཡང་ཡོད།ཤོ་ལ་རོལ་སྐབས་ཤོ་མིག་གང་ཐོན་ཚང་མར་ཤོ་བཤད་ནང་དོན་ཕུན་སུམ་ཚོགས་པ་ཁག་མང་རྒྱག་རྒྱུ་ཡོད།དཔེར་ན།པ་ར་ལངས་པ་ཡིན་ན་ཤོ་བཤད་དུ༼པ་ར་སྤེན་པ་བཀྲ་ཤིས་རེད།རྒྱག་མཁན་བཀྲ་ཤིས་དོན་གྲུབ་རེད༽ཅེས་དང་།ཡང་ཤོ་མིག་དགུ་པ་ལངས་པ་ཡིན་ན་ཤོ་བཤད་དུ༼དགུ་རི་རི་ལ་དར་ལྕོག་བཙུགས།གཞོན་པ་ང་ཡིས་ལྷ་རྒྱལ་འཐེན༽ཞེས་པ་ལ་སོགས་ཤོ་བཤད་གྲངས་ལས་འདས་པ་ཡོད་པས་རེ་རེ་བཞིན་ངོ་སྤྲོད་ཐབས་བྲལ་ཡང་།ཤོ་རྩེད་ལ་རོལ་སྐབས་ཤོ་གཉིས་ལ་ཤོ་མིག་བཅུ་གཉིས་ལངས་རྒྱུ་ཡོད་པ་དང་།ཤོ་མིག་དེ་རྣམས་ཚང་མ་ལ་མིང་རེ་འབོད་རྒྱུ་ཡོད་པ་ནི།གཉིས་ལ་པ་ར་དང་།གསུམ་ལ་སུ་གེ བཞི་ལ་ཙིག་གི ལྔ་ལ་ཁ།དྲུག་ལ་ལུག བདུན་ལ་རི།བརྒྱད་ལ་ཤ།དགུ་ལ་གུག བཅུ་ལ་ཆུ།བཅུ་གཅིག་ལ་ཐོག བཅུ་གཉིས་ལ་ལྗང་སོགས་འབོད་ཀྱི་ཡོད་པའི་ཁར།ཤོ་མིག་རེ་རེར་ཡང་མིང་གི་རྣམ་གྲངས་མང་པོ་འབོད་རྒྱུ་ཡོད།དཔེར་ན།ཤོ་མིག་བདུན་ལངས་པ་ཡིན་ན་རིའམ་སྡིག་གམ་དིང་ཞེས་པ་ལྟ་བུའི་འབོད་སྲོལ་ཁག་མང་ཡོད་པ་བཅས་སོ།
  • ལེ་ཚན་སྔོན་མ།:རྩིག་ངོས་སུ་ས་ཚོན་སྒྲོན་པའི་སྲོལ།
  • ལེ་ཚན་རྗེས་མ།:བོད་ཀྱི་རོལ་རྩེད་ཨ་ཅུག
  • དོ་སྣང་ཆེ་བའི་རྩོམ།