བོད་ཀྱི་རོལ་རྩེད་ཨ་ཅུག

ཉི་མ་མཚམས་གཅོད།སྒྲོལ་མ་ཚེ་རིང་།        2014-10-10

བོད་ཀྱི་རོལ་རྩེད་ཨ་ཅུག

མི་རིགས་ཀྱི་སྲོལ་རྒྱུན་རོལ་རྩེད་ནི་མི་རིགས་དེའི་ལོ་རྒྱུས་དང་འཚོ་བའི་དུས་རིམ་མི་འདྲ་བའི་རྗེས་ཤུལ་རེད་ཅེས་བརྗོད་ཆོག་ལ།མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཁག་རོལ་རྩེད་ཀྱི་སྲོག་ཏུ་ཞུགས་ཡོད་ཅིང་།དེ་ནས་མི་རྣམས་ཀྱི་འཚོ་བའི་སྤྲོ་སྣང་ཡང་མངོན་ཡོད།བོད་ཀྱི་སྲོལ་རྒྱུན་རོལ་རྩེད་ལ་ཨ་ཅུག(ཡུལ་གཞན་དུ་ཐེ་གེའང་ཟེར)དང་མིག་མངས།ཤོ།ཤོག་བྱ།ཀེ་རེམ(འདི་ནི་དབུས་སྐད་ལྟར་བྲིས་པ་ཡིན་ཞིང་།ཅོག་ཙེའི་སྒང་ནས་རྩེད་ཅིང་མཐེབ་རྡོག་སོགས་ཀྱིས་གཞུ་ཆོག་པའི་རོལ་རྩེད་ཅིག་ཡིན)སོགས་ཡོད་པ་དང་།དེ་དག་མཚོ་བོད་མཐོ་སྒང་དུ་དར་ཁྱབ་ཆེན་པོ་བྱུང་ཡོད་ཅིང་།རྡོ་དང་དབྱུ་གུ།ཐ་ན་རིལ་མ་ཡང་རོལ་རྩེད་ཀྱི་ལག་ཆ་རུ་སྤྱད་ཆོག ཨ་ཅུག་ནི་ཞིང་འབྲོག་ཁུལ་ཀུན་ལ་ཁྱབ་ཡོད་པའི་བྱིས་པའི་རོལ་རྩེད་ཅིག་ཡིན།དེ་ཀུན་ལ་ཁྱབ་དོན་ཡང་གཙོ་བོ་རྒྱུ་ཆ་འཚོལ་བདེ་བས་རེད།ཨ་ཅུག་ནི་ལུག་གི་རྗེ་ངར་དང་རྐང་འགོ་འབྲེལ་མཚམས་ཀྱི་རུས་པ་རྡོག་པོ་དེ་ཡིན་ཞིང་།དེ་ལ་ཚོན་སྣ་ཚོགས་བཏང་རྗེས་སྙིང་རྗེ་མོར་ཆགས་ཡོང་།ས་བབ་དང་ཁོར་ཡུག་གི་རྐྱེན་གྱིས་འབྲོག་ཁུལ་གྱི་མི་རྣམས་ནི་རྩྭ་ཆུ་སྙེགས་ཏེ་སྐྱས་འདེག་གི་འཚོ་བ་རོལ་བཞིན་ཡོད་ཅིང་།རྩྭ་ས་མི་འདྲ་བར་གནས་སྤོས་ཏེ་སྒོ་ཕྱུགས་ཀྱི་ཟས་སྐོམ་སྐོང་བཞིན་ཡོད།སྐྱས་འདེག་པའི་སྐབས་སུ་བདེ་ཆས་ཙམ་ལས་སྤྲས་མི་ཐུབ་པས།རྒྱུན་པར་འཚོ་བ་ལ་ངེས་པར་མཁོ་བའི་དངོས་པོ་ཙམ་ལས་འཁྱེར་གྱིན་མེད།འབྲོག་པའི་ཁྱིམ་ཚང་རེར་བྱིས་པ་དྲུག་བདུན་རེ་ཡོད་ཅིང་།ཁྱིམ་ཚང་ཀུན་གྱིས་བྱིས་པ་ནི་ཡོང་སྒོ་འཕར་སྣོན་ཡོང་བའི་ངལ་རྩོལ་ནུས་ཤུགས་སུ་བརྩིས་ཡོད།ངལ་རྩོལ་ནུས་ཤུགས་ཇི་འདྲ་མང་ན་ཡོང་སྒོ་དེ་འདྲ་མང་བ་ནི་འབྲོག་པའི་ཁྱིམ་ཚང་ཀུན་གྱི་ལྟ་ཚུལ་གཅིག་མཐུན་དུ་ཆགས་ཡོད།དེའི་ཕྱིར་འབྲོག་ནས་སྐྱེས་པའི་བྱིས་པ་ཞིག་ལ་ཆ་མཚོན་ན་སྐྱེས་པ་ནས་རྫི་བོ་བྱེད་པའི་ལས་དབང་གྲུབ་ཡོད་པར་བརྗོད་ཆོག རྫི་བོའི་འཚོ་བ་ནི་ཆིག་རྐྱང་དང་འཁྲུག་ཆ་དོད་པོ་མིན་པས།ཉི་མ་རྟག་པར་ལས་ཀ་བསྐྱར་བཟློས་ཀྱིས་དུས་ཚོད་གཏོང་མི་འདོད་པའི་བྱིས་པ་སྣང་ཡངས་དག་ནི་རང་ཉིད་ལ་སྤྲོ་སྣང་འཚོལ་བའི་ལས་སུ་ཞུགས་ཡོད།དེ་ལྟར་ཨ་ཅུག་ཅེས་པའི་རོལ་རྩེད་འདི་བྱུང་བ་རེད།བོད་ཡུལ་ས་ཕྱོགས་ཀུན་དུ་ཨ་ཅུག་ལ་རྩེད་སྟངས་རིགས་མི་འདྲ་བ་མང་པོ་ཡོད་ནའང་།དེས་བསྩལ་བའི་སྤྲོ་སྣང་ལ་འགྱུར་བ་མེད་དེ།ཐ་ན་མི་དར་མ་དག་ཀྱང་རོལ་རྩེད་འདི་ལ་ཞུགས་བཞིན་ཡོད།
ཨ་ཅུག་རྩེད་སྐབས་ཨ་ཅུག་གི་ངོས་མི་འདྲ་བ་བཞི་ཡིས་སྲོག་ཆགས་བཞི་མཚོན་ཞིང་།སྲོག་ཆགས་དག་ལ་རིམ་པ་ཕྱེ་ཡོད་པ་དང་།ཆེ་བ་ནས་ཆུང་བའི་བར་རྟ་བོང་ལུག་ར་བཅས་ཡིན།དེ་དག་གི་ཁྱད་པར་ནི་རུས་པའི་ཕྱི་དབྱིབས་མི་འདྲ་བར་བསྟུན་ནས་དབྱེ་བ་འབྱེད།བོད་ཁུལ་དུ་ཁྱབ་ཆེ་བའི་ཨ་ཅུག་ལ་རྩེད་སྲོལ་གཙོ་བོ་གསུམ་ཡོད་ལ།དང་པོ་ནི་རྩེད་མཁན་ཕྱོགས་གཉིས་ཀྱིས་ཨ་ཅུག་ཁ་གྲངས་མཐུན་པ་རེ་ཉར་ཞིང་།ཕྱོགས་གཅིག་གིས་ལྔ་དང་ཕྱོགས་གཅིག་གིས་བཅུ་ཐང་ལ་གཏོར་ནས་སྒྲིག་ལམ་བཞིན་རེ་རེ་ཡར་ལེན་པ་དང་།གལ་སྲིད་ཡར་མ་ལོན་པར་ཐང་ལ་ལྷུང་ན་ཕ་རོལ་བོས་མུ་མཐུད་ནས་ལེན་པ་དང་དེ་ལྟར་ཐང་གི་ཨ་ཅུག་ཚང་མ་བླངས་ཚར་པའི་བར་རྩེད་པ་རེད།གཉིས་པ་ནི་ཕྱོགས་གཉིས་ཀྱིས་ཨ་ཅུག་གྲངས་མཐུན་པ་རེ་ཐང་ལ་གཏོར་རྗེས་ཁ་ཡར་འཁོར་བའི་ངོས་ཀྱིས་མཚོན་པའི་སྲོག་ཆགས་ཀྱི་རིམ་པ་ལྟར་རྒྱལ་ཕམ་འབྱེད་ཅིང་།ཕམ་པའི་ཕྱོགས་ཀྱིས་ཐང་གི་ཨ་ཅུག་ཚང་མ་རྒྱལ་བའི་ཕྱོགས་ལ་སྤྲོད།གསུམ་པ་ནི་རྩེད་མོ་རྩེད་མཁན་ཕྱོགས་གཉིས་ཀྱིས་ཨ་ཅུག་རེ་ཐང་ལ་འཕངས་ཞིང་།ཁ་ཡར་འཁོར་བའི་ངོས་ཀྱིས་མཚོན་པའི་སྲོག་ཆགས་ཀྱི་རིམ་པ་བཞིན་གོ་རིམ་བགོས་ནས།རྒྱལ་བ་བོས་རང་གི་ཨ་ཅུག་གིས་ཕ་རོལ་བའི་ཨ་ཅུག་ལ་གཞུས་ཏེ་དེ་སྟེང་འོག་བསློག་ཐུབ་ན་རྒྱལ་བར་བརྩི་ལ་བསློགས་པའི་ཨ་ཅུག་བདག་ཏུ་བཟུང་ཆོག ཕམ་པ་བོས་ཡང་བསྐྱར་ཨ་ཅུག་ཞིག་ཐང་ལ་འཕེན་དགོས་ཤིང་།དེ་ལྟར་མུ་མཐུད་དུ་བརྩེས་ནས་ཕྱོགས་གཅིག་གི་ཨ་ཅུག་ཡོངས་རྫོགས་ན་རོལ་རྩེད་མཇུག་བསྒྲིལ་བར་བརྩི།
ཡུལ་སྐོར་བ་བོད་ལ་ཐོག་མར་ཕྱིན་པ་ཚོ་ཨ་ཅུག་ལ་ཡ་མཚར་བཞིན་ཡོད།ཁོ་ཚོས་ཨ་ཅུག་རྒྱན་ཆའི་ཚུལ་དུ་བཏགས་ཡོད་པ་མཐོང་དཀོན་པར་འདོད་ཅིང་མི་མངོན་པའི་སྟོབས་ཤུགས་ཤིག་ཡོད་སྲིད་པར་འདོད།འོན་ཀྱང་བྱིས་པ་མཐོ་སྒང་གི་འབྲོག་ཁུལ་དུ་སྡོད་པ་ཞིག་ལ་ཆ་མཚོན་ན།ཨ་ཅུག་ནི་གང་སར་མཐོང་དུ་ཡོད་པའི་རྩེད་ཆས་སྙིང་རྗེ་བོ་ཞིག་ཡིན།དེ་བཞིན་དུ་ཁྱིམ་ཚང་སོ་སོའི་དབུལ་ཕྱུག་ནི་སྒོ་ཕྱུགས་ཀྱི་མང་ཉུང་ལྟར་འབྱེད་ཅིང་།གལ་སྲིད་ཁྱིམ་དུ་སྒོ་ཕྱུགས་མང་པོ་ཡོད་ན་ཨ་ཅུག་ཀྱང་མང་པོ་ཡོད་པས་ཁྱིམ་ཚང་དེ་ཕྱུག་པོ་ཡིན་པ་ཤེས་སླ།དེའི་ཕྱིར་ཨ་ཅུག་ཀྱང་མང་པོ་ཡོད་པས་ཁྱིམ་ཚང་དེ་ཕྱུག་པོ་ཡིན་པ་ཤེས་སླ།དེའི་ཕྱིར་ཨ་ཅུག་གི་མང་ཉུང་ལ་བལྟས་ན་ཁྱིམ་ཚང་གི་འབྱོར་ཕྱུག་ག་འདྲ་ཡིན་པའང་ཤེས་ཐུབ།འབྲོག་ཁུལ་དུ་ཨ་ཅུག་ག་སར་བཏགས་ཡོད་པ་མཐོང་ཐུབ་ཅིང་།གདོན་འགོག་དང་ས་བཅོས་སོགས་ཀྱི་བྱེད་ནུས་ཀྱང་ཡོད་པར་སྙམ།ཁྱིམ་ཚང་མང་པོའི་སྒོ་ཆེན་ལ་ལུག་གི་ཨ་ཅུག་བཏགས་ནས་རང་བྱུང་ཁམས་ལ་གུས་པ་མཚོན་བཞིན་ཡོད། ཡུ་གུར་དང་ནང་སོག་གི་ཕྱོགས་སུའང་ཨ་ཅུག་དང་ཆ་འདྲ་བའི་རོལ་རྩེད་མཐོང་རྒྱུ་འདུག་མོད།མིང་གི་འབོད་ཚུལ་ལ་མི་འདྲ་ས་ཡོད་པ་འདྲ།གཞན་ད་དུང་ཧྲན་ཞི་ཡི་བྱང་ཁུལ་དུའང་རོལ་རྩེད་འདི་དར་ཆེ་ཞིང་ཧྥན་དབྱང་ཀུའུ་ཅེ(翻羊骨节)སྟེ་ལུག་གི་ཚིགས་རིད་བསློག་པ་ཟེར་བ་དང་།རྩེད་མོའི་སྒྲིག་ལམ་ཡང་བོད་དང་འདྲ་ས་མང་པོ་འདུག འདི་དག་ཀུན་ལ་བལྟས་ན་རྩེད་མོ་ཨ་ཅུག་འདིར་ལོ་རྒྱུས་རིང་པོ་ཡོད་ཅིང་རྩྭ་ཐང་གི་རིག་གནས་ཀྱི་མཚོན་བྱེད་ཅིག་ཡིན་པ་ཤེས་ཐུབ།དེ་བཞིན་དུ་རྒྱ་དང་བོད་ཀྱི་བར་དུ་སྔ་མོ་ནས་འབྲེལ་འདྲིས་མང་པོ་བྱུང་བས་ན།དམངས་སྲོལ་རིག་གནས་དེ་ཡང་ཡུལ་ཕྱོགས་སོ་སོ་ནས་རྒྱུན་འཛིན་བྱས་པ་གསལ་བོར་ཤེས་ཐུབ་བོ།།
 

  • ལེ་ཚན་སྔོན་མ།:ཤོ་ལ་སོགས་པའི་རིག་རྩེད།
  • ལེ་ཚན་རྗེས་མ།:མགོ་ལོག་ཡུལ་གྱི་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག
  • དོ་སྣང་ཆེ་བའི་རྩོམ།