བོད་དུ་རྟ་རྒྱུག་མདའ་འཕེན་དར་ཚུལ་སྐོར།

    དུང་དཀར་ཚིག་མཛོད་ཆེན་མོ།    2021-05-25

     རྟ་རྒྱུག་མདའ་འཕེན་ནི་བོད་ལྗོངས་ས་ཁུལ་གང་སར་དར་ཁྱབ་ཆེ་ཞིང༌། ལྷ་ས་ཁུལ་དུ་དེ་བས་དར་པོ་ཡོད། རྟ་རྒྱུ་མདའ་འཕེན་ལ་གནའ་རབས་ཀྱི་དམག་རྩལ་རང་བཞིན་མངོན་གསལ་དོད་པོ་ཡོད་ཅིང༌། གནའ་དུས་བཙན་པོའི་དུས་སུ་བོད་དམག་དཔུང་སྟོབས་ཧ་ཅང་ཆེ་སྐོར《ཐང་དེབ་གསར་རྙིང》ནང་དུ་ཡང་འཁོད་ཡོད། དེ་སྐབས་ཀྱི་དམག་དཔུང་གང་འདྲ་ཞིག་ཡིན་ཀྱང་དེ་ཚོས་སྤྱོད་པའི་མཚོན་ཆ་མདའ་གྲི་མདུང་གསུམ་ཡིན་པ་ལྟར་བོད་དམག་རྣམས་ཀྱང་དེ་ལྟར་ཡིན་པར་ངེས། རྟ་རྒྱུ་མདའ་འཕེན་གྱི་ཐོག་ནས་དེ་སྔའི་རྟ་དམག་གི་དམག་རྩལ་རྣམས་དམངས་ཁྲོད་དུ་ཁྱབ་ནས་རྗེས་སུ་ལུས་རྩལ་གྱི་རྣམ་པར་གྱུར་པ་འདྲ་ཞིང༌། བོད་ལྗོངས་ཀྱི་ས་ཁུལ་གཞན་དང་འདྲ་བར་ལྷ་སར་དེ་སྔ་བོད་ཟླ་དང་པོའི་ཚེས་ཉི་ཤུ་དྲུག་ཉིན་རྫོང་རྒྱབ་ཞར་འཕེན་ཞེས་རྫོང་རྒྱབ་ཀླུ་ཁུང་གི་རྒྱབ་ཏུ་ལོ་ལྟར་རྟ་རྒྱུག་རྩལ་སྟོན་ལ་ལྟད་མོ་ལྟ་སྲོལ་ཡོད། རྟ་པ་ནི་དེ་སྔའི་སྐུ་དྲག་གི་ཁྱིམ་ཚང་ཆེ་ཁག་སྡེ་དཔོན་བཞི་དང་ལས་ཚན་རྗེས་འབྲེལ་ལྟར་གཡས་རུ་དང་གཡོན་རུར་ཕྱེ་ཞིང༌། རྟ་པ་ཚོས་མགོ་ལ་སོག་ཞྭ་དང་པ་ཊ་ཅན་གྱི་གོས་གྱོན་ཐོག་མདའ་གཞུ་སག་ཐག་དང་བོད་མདའ་འཁྱེར་ཏེ་རྟ་རྒྱུག་བཞིན་དུ་ཆེད་བཙུགས་འབེན་ལ་མདའ་དང་མེ་མདའ་རྒྱག་པའི་རྩལ་འགྲན་བྱེད་སྲོལ་ཡོད། དེ་བཞིན་ལོ་བཞི་ལྔ་ཙམ་ནས་ཐེངས་རེ་བྱེད་པའི་དྲུང་འཁོར་རྩལ་རྒྱུགས་ཞེས་པ་དེ་སྔ་གཞུང་གི་གསར་བསྐོ་བྱས་པའི་དཔོན་རིགས་སྐྱེ་བོ་ཚང་མས་རྟ་རྒྱུག་མདའ་འཕེན་ཐེངས་རེ་བྱེད་དགོས་པ་དེའི་ཐོག་རྟ་པ་རྣམས་ཀྱིས་རྟ་རྒྱུག་པ་དང་མདའ་རྒྱག་པ། འབི་ཤུ་ཞེས་པ་དང་མེ་མདའ་རྒྱག་པའི་རྩལ་འགྲན་བྱེད་སྲོལ་ཡོད། ལྷ་ས་སྨོན་ལམ་ཆེ་མོའི་བྱམས་པ་གདན་འདྲེན་ཉིན་རྟ་རྒྱུག་མི་རྒྱུག་ཅེས་མི་ཧྲེང་གི་རྒྱུགས་ར་དང༌། རྟ་ཧྲེང་གི་རྟ་རྒྱུག་གཏོང་བའི་མི་རྟ་རྣམས་གཏན་འཁེལ་འཁྲི་ཁུངས་ཡོད་པ་དེ་ཚོས་བྱམས་པ་གདན་འདྲེན་ཟིན་མཚམས་བར་མ་རི་དང་ཡས་སྣའི་རི་ཟུར་གཉིས་ནས་རྒྱུག་བརྡ་བསྒྲགས་པ་དང་རྟ་རྐྱང་རྣམས་འབྲས་སྤུངས་དགོན་གཤམ་གྱི་སྤྱི་རིའི་ཟུར་ནས་བར་སྐོར་བརྒྱུད་ཇོ་བོ་རགས་རྒྱབ་བར་སྤྱི་ལེ་བཅུ་ཙམ་སར་རྒྱུག་པ་དང༌། མི་ཧྲེང་རྣམས་ཀྱང་ཐང་སྒང་ནས་བར་སྐོར་ནང་གི་མེ་ཏོག་ལྡུམ་ར་ཞེས་པའི་བར་སྤྱི་ལེ་བདུན་ཙམ་སར་རྒྱུག་གི་ཡོད། མི་རྟ་རྣམས་ཇོ་བོ་རགས་རྒྱབ་དང་མེ་ཏོག་ལྡུམ་ར་སོ་སོར་སྔ་རྟིང་གིས་འབྱོར་མཚམས་ཨང་རིམ་སྤྲོད་སྲོལ་ཡོད། ད་དུང་ཞིང་གྲོང་དུ་དབྱར་ཁ་འོང་སྐོར་དང༌། འབྲོག་ཁུལ་དུ་ཚོང་འདུས་སོགས་དུས་ཆེན་ལ་རྟ་རྒྱུག་མདའ་འཕེན་དང༌། ལ་ལར་རྟ་རྒྱུག་ལམ་དུ་ཁ་བཏགས་བཀྲམ་ཏེ་རྟ་རྒྱུག་བཞིན་རྟ་ཐོག་ནས་ཁ་བཏགས་རྣམས་སྒྲུག་པ་དང༌། དེ་མིན་རྟ་རྩལ་སྟོན་པའི་བྱེད་སྒོ་འཁྲུག་པོ་སྤེལ་སྲོལ་ཡོད།


  • ལེ་ཚན་སྔོན་མ།:འབྲོག་མིའི་ལག་བཟོའི་ཤེས་རིག་ལས་ཕྱིང་བ་གླེང་བ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།