རྡོ་ཕུ་ལུང་པའི་སྒེག་ཉམས།

ཨ་པད།        2011-01-04

 

རྡོ་ཕུ་ལུང་པའི་སྒེག་ཉམས།

སྡེ་དགེ་རྫོང་གི་རྡོ་ཕུ་ལུང་པ་ནི་སྤྱི་ལེ་གྲུ་བཞི་མ་བཅུ་གཅིག་དང་གྲངས་ཆུང་གཉིས་ཡོད་པའི་སྐྱེ་དངོས་གྱི་གྲོག་རོང་ས་ཁུལ་ཞིག་ཡིན་ཞིང་། དེ་ནི་སྨན་ཤོད་ཆུས་ཀྱི་ཧྱོ་པ་དང་ཕུ་མ། མདའ་མ་བཅས་སྲིད་འཛིན་ཤང་ཁག་གསུམ་འདུས་ཡོད་པའི་ས་ཆ་ཞིག་ཡིན། དེའི་ལྷོ་ནུབ་ཀྱི་ས་མཚམས་དཔལ་ཡུལ་རྫོང་གི་གཏེར་ལྷུང་ཤང་དང་མཐའ་འབྲེལ་ནས་ཆགས་ཡོད་པའི་ས་ཆ་ཁྱད་འཕགས་ཅན་ཞིག་ཡིན་པ་རེད།
   ཁྱོད་རང་ཅང་ཤེས་འགྲོས་ལྡན་མ་ཞིག་ཞོན་ནས་རྡོ་ཕུ་ལུང་ལ་སྤྲོ་གསེང་ལྗོངས་སྐོར་ཕེབས་དང་། ལམ་གཡས་གཡོན་གྱི་རི་བོ་ཐམས་ཅད་རྩི་ཤིང་གིས་ཡོངས་སུ་གཡོགས་ཏེ་སྔོ་ལྗང་ལྗང་། སྦོམ་ཞིང་དྲང་ལ་མཐོ་བའི་གདོད་མའི་ནགས་ཚལ་སྟུག་ཤིག་ཤིག   འགྲོ་བ་མི་ཡིས་གཏོར་བཤིག་ཐེབས་མེད་པའི་ཐང་ཤིང་དང་གསོམ་ཤིང་གིས་བཀླུབས།ལམ་འགྲམ་དུ་རྩ་ཆེ་བའི་རི་སྐྱེས་སྲོག་ཆགས་དང་འདབ་ཆགས་སྣ་ཚོགས་ཀྱིས་འགྲུལ་བཞུད་ཀྱི་ལམ་འགྲུལ་དང་གདོང་ཐུག་འཕྲོད་ཀྱང་སྐྲག་པའི་སྣང་བ་ཙམ་མེད་པར་རང་དགར་སྣང་མེད་དུ་སྐྱོད་པས་མ་ཚད། རེ་འགར་བྱེའུ་འཇོལ་མོས་འགྱུར་ཁུག་སྟོང་དང་ལྡན་པའི་གླུ་ལེན་བཞིན་འགྲུལ་བཞུད་ཀྱི་འགྲོན་པོ་རྣམས་ལ་བཀྲ་ཤིས་བདེ་ལེགས་ཞུ་བའི་ཚུལ་སྟོན་པ་དང་ཨ་ན་མ་ན་ཡིན་ནོ།།

  ཁྱོད་ཀྱིས་ཅང་ཤེས་འགྲོས་ལྡན་མའི་སྒ་ཐོག་ཏུ་ཞོན་ནས་ལྟོས་དང་། མདུན་ཕྱོགས་སུ་དུ་སྤྲིན་ལང་ལོང་དུ་འཁྲིགས་པའི་ཁྲོད་དུ་འགྱིང་ངེར་ལངས་ནས་ཡོད་པའི་རི་བོ་ཆེན་པོ་དེ་རྣམས་གློ་བུར་དུ་ཁྱོད་ཀྱི་མིག་ལམ་དུ་མངོན་ཡོང་བ་རེད། གྲངས་ལས་འདས་པའི་རི་བོ་རྣམས་ཀྱིས་གྲལ་བསྟར་ནས་རྒྱང་རིང་ནས་ཡོང་བའི་སྐུ་མགྲོན་ཁྱོད་རང་སྒུག་པ་དང་གཉིས་མཆིས།           ཁྱོད་ཀྱིས་ཅང་ཤེས་ཀྱི་འགྲོས་ལྡན་ལ་ལྕག་གིས་སྐུལ་ཏེ་མུ་མཐུད་ནས་མདུན་དུ་སྐྱོད་དང་། དེའི་སྐབས་སུ། ཁྱོད་རང་ཧ་ལས་དགོས་པའི་རི་བོ་ཆེན་པོ་རྣམས་ཀྱི་མཐོང་ལམ་དུ་གསལ་ནས་ཇེ་གསལ་དུ་གྱུར་ཐུབ་པ་རེད། རི་བོ་དེ་དག་གཅིག་ལས་གཅིག་ཏུ་གཡང་གཟར་བ་དང་།གཅིག་ལས་གཅིག་ཏུ་བརྗིད་ཆགས་པ། གཅིག་ལས་གཅིག་ཏུ་དཔོག་དཀའ་བ། གཅིག་ལས་གཅིག་ཏུ་མཛེས་སྡུག་ལྡན་པའི་རང་གཤིས་མི་འདྲ་བ་སྟོན་པ་དང་ཁ་དོག་མི་འདྲ་བ་སྣ་ཚོགས་ཀྱིས་འགྱུར་བར་མངོན་ཐུབ་ཀྱིན་མེད། དེ་ནས་རིམ་བཞིན་ཀྱ་ཀྱུའི་རྐང་ལམ་ཕྲ་མོ་དེད་ནས་རི་ཚོགས་ཀྱི་རྩེར་སླེབས་སྐབས། མཐོ་དམན་མི་སྙོམས་པའི་རི་བོ་རྣམས་ལང་ལོང་དུ་འཕྱུར་བའི་རྦ་རླབས་ཇི་བཞིན་སྨུག་པའི་གསེབ་ཏུ་ཀྲོང་ངེར་གནས་ཡོད་པ་མཐོང་ཐུབ། རྡོ་ཕུ་ལུང་པའི་སྒེག་ཉམས།

ཡིན་ན་ཡང་ཐག་རིང་ནས་དེ་བས་བརྗིད་ཆགས་ལ་རྩེ་མོ་ནམ་མཁའི་དགུང་དང་མཉམ་པའི་གངས་རིན་པོ་ཆེན་པོ་ཞིག་ཁྱོད་ཀྱི་གཟུང་བྱའི་ཡུལ་དུ་གསལ་ལྷམ་མེར་མངོན་ཡོད་པ་དེ་ནི་མཐོ་ཟིལ་ཁྲོན་གྱི་ཡ་གྱལ་དུ་གྱུར་བའི་གནས་རི་རྡོ་རྒྱལ་མུ་ནག་ཞེས་པའི་མཚན་སྙན་ཅན་དེ་ཡིན་ནོ།། གནས་རི་དེ་རི་བོ་མཐོ་གཟར་ལྡན་པའི་རི་ཚོགས་རྣམས་ཀྱི་ཐོག་ཏུ་འཇམ་ཐེང་ངེར་གནས་པའི་གསར་སྐྱེས་ཀྱི་ཕོ་གསར་ཞིག་དང་གཉིས་སུ་མ་མཆིས། དྭངས་ཤིང་གཙང་ལ་དྲི་མ་དང་བྲལ་བའི་ཁ་དོག་དམར་སེར་ཅན་གྱི་མཚམས་སྤྲིན་བཀླུབས་ནས། གནའ་བོའི་གནས་གཙང་ལ་ཉག་ཉོག་གི་དྲི་མས་མ་གོས་པའི་རྡོ་ཕུ་ལུང་པའི་ལྷག་བསམ་དག་གི་སྐུ་སྲུང་པ་ཞིག་དང་ཨ་ན་མ་ན་ཡིན་ནོ། །དེར་ཤྭ་སྐྱ་དང་ཤྭ་དམར། གླ་བ།གཉན། དྲེད་མོང་། རྣ་གཡག་ལ་སོགས་པའི་རྩ་ཆེ་བའི་རི་སྐྱེས་སྲོག་ཆགས་མང་པོ་གནས་ཡོད་པ་དང་མེ་ཏོག་གངས་ལྷ་སོགས་ཀྱི་རྩྭ་ཕུན་སུམ་ཚོགས་པ་འཐུ་རྒྱུ་ཡོད་པས་སྨན་ཤོད་ཅེས་པའི་མིང་ཡང་དེ་ནས་ཐོགས།
རྡོ་ཕུ་ལུང་པ་རིན་ཆེན་གྱི་ཕྲ་ཚོམ་བཏབ་དང་གཉིས་སུ་མ་མཆིས། ལྷུང་ལྷུང་དུ་བཞུར་བའི་འབབ་ཆུས་གསལ་ལ་མ་གསལ་བའི་གླུ་དབྱངས་ལེན་བཞིན་རྡོ་ཕུ་ལུང་པའི་སྲོག་ཆགས་རྩི་ཤིང་སོགས་ཀྱི་སྐོམ་པ་སེལ་ཕྱིར་ཉིན་མཚན་དབྱེ་མེད་དུ་གཞན་ཕན་གྱི་ལས་ལ་བྲེལ། གཡུ་ལྟར་སྔོ་བའི་མཚེའུ་ཡིས་རྣམ་པར་གཡེང་བ་མེད་པར་རྩེ་གཅིག་ཏུ་ཏིང་ངེ་འཛིན་སྒོམས་ཏེ་མགྲོན་པོ་རྣམས་ལ་ཆགས་སྡང་སོགས་ཀྱི་དུག་ལྔའི་བསམ་ངན་མཐའ་དག་སྤངས་ཏེ་ཞི་ཞིང་དུལ་བའི་སྒོ་ནས་འཚོ་བ་སྤྱོད་དགོས་པའི་བསླབ་བྱ་སྟོན་པ་རེད། དེ་མིན་ཆེ་ཆུང་མི་འདྲ་བའི་མཚེའུ་རྣམས་ནི་མཛེས་ལྡན་མའི་མགྲིན་དུ་སྐེ་རྒྱན་ཐོགས་འདྲ་རི་ཚོགས་ཀྱི་པང་དུ་འཇམ་ཐེང་ངེར་ཉམས་མེད་ནམ་ཡང་རླབས་ཆེན་དྭངས་གཙང་གི་སྒོ་ནས་གནས་པས། མིག་གི་དབང་པོས་བལྟས་ཀྱང་ངོམ་པ་མེད་པའི་སྣང་བ་ཞིག་ཀྱང་འཆར་ངེས།  ཆེས་ཆེ་བའི་མཚེའུ་བུད་མེད་ཀྱི་མགུལ་རྒྱན་གའུ་ལྟ་བུ་ཞིག་ཡོད་པ་དེའི་མིང་ལ་སྐྱུང་ལྕེབ་མཚོ་ཟེར། ནམ་རྒྱུན་བོད་ལུགས་ཟླ་བ་བདུན་པའི་ཡར་ཚེས་ཀྱི་ཚེས་གཅིག་ནས་ཚེས་བཅུའི་ཡས་མས་སུ་བྱ་སྐྱུང་ཁྲ་དུ་མ་ཞིག་མཚོ་མོ་དེའི་སྟེང་ཕྱོགས་སུ་ལྡིང་སྐོར་རྒྱག་ཏེ། མཚོ་མོ་ཡི་རྟིང་དུ་རང་ལྕེབ་བྱེད་པས་མཚོ་དེ་ལ་སྐྱུང་ལྕེབ་མཚོ་ཞེས་པའི་མིང་ཐོགས་པ་རེད། རྡོ་ཕུ་ལུང་པའི་མཛེས་ལྗོངས་ཀྱིས་ཁྱོད་ཀྱི་འདོད་བློ་ཡོངས་སུ་ཚིམ་པ་དང་ལ་ལུང་མང་པོ་བརྒལ་བ་ལས་བྱུང་བའི་ངལ་དུབ་ཀྱིས་ཡོངས་སུ་ཁེངས་པ་ནས་ཕྱིར་ལོག་སྐབས། གནའ་བོའི་སྨན་ཤོད་ཀྱི་སྐོར་བྲོ་ཞེས་པ་བོད་གངས་ཅན་ལྗོངས་སུ་སྐོར་བྲོའི་ནང་ནས་ཕུལ་དུ་ཕྱིན་པ་དེ་ལ་ལྟད་མོ་མིག་གིས་མི་ཚིམ་བར་བལྟས་ཆོག་གིན་རེད། དེའི་སྐབས་སུ། ཁྱོད་ཀྱི་སྣང་ངོར་དེ་ནི་དེང་རབས་གྲོང་ཁྱེར་གྱི་མི་རྣམས་ཀྱིས་ཡིད་སྨོན་བྱ་བའི་ཡུལ་ཞིག་ཡིན་པར་དངོས་སུ་འཆར། རང་འཁྲི་ཡི་ལས་ཀ་དང་ཁྱིམ་པ་ཡི་ལས་ཀ། འཁོར་ཞི་བར་འདོད་ན། གྲོགས་པོ་ལགས། ཁྱོད་རང་ཡིད་གཉིས་ཐེ་ཚོམ་མེད་པར་ས་ཆ་འདི་ལ་ཡུལ་སྐོར་སྤྲོ་འཆམ་ཕེབས་དང་། ས་ཆ་འདི་ཡིས་ཁྱོད་ཀྱི་ལུས་སེམས་ཀྱི་ངལ་དུབ་སེལ་ཐུབ་ལ། མ་འོངས་པའི་བདེ་སྐྱིད་ཀྱི་འཚོ་བར་རོལ་བའི་སྤོབས་པ་ཡང་སྐྱེ་ཐུབ། །
  • ལེ་ཚན་སྔོན་མ།:འབའ་ཐང་རྫོང་ཁོངས་སུ་གསར་དུ་ཡུལ་སྐོར་ལྗོངས་རྒྱུ་བྱ་ཡུལ་ཞིག་རྙེད།
  • ལེ་ཚན་རྗེས་མ།:བོད་ཀྱི་གནས་ཆེན་ཤར་རྒྱལ་མོའི་དམུ་རྡོའི་ངོ་སྤྲོད་མདོར་བསྡུས།
  • དོ་སྣང་ཆེ་བའི་རྩོམ།