འབའ་ཐང་རྫོང་ཁོངས་སུ་གསར་དུ་ཡུལ་སྐོར་ལྗོངས་རྒྱུ་བྱ་ཡུལ་ཞིག་རྙེད།

འབའ་ཐང་གོང་རོང་ཐུབ་བསྟན།        2011-01-04

དཀར་མཛེས་ཁུལ་འབའ་ཐང་རྫོང་བསུ་བ་ལུང་ཤང་གཞུང་ཆ་གྲོང་སྡེ་དང་འོད་མངའ་གྲོང་སྡེའི་བར་ན་སྙན་པའི་གྲགས་པ་ཁྱབ་པའི་གནས་མཆོག་ཅིག་ཡོད་ཅིང་། ས་གནས་དེ་གའི་ཡུལ་མི་རྣམས་ཀྱིས་གནས་མཆོག་དེར་བྲག་རི་དམར་ཅན་གྱི་སྐེད་ལ་ཡིན་པས་བྲག་གནས་ཟེར་ན་ཤིན་ཏུ་འཐད་པར་སྙམ།
ས་གནས་དེ་གའི་མི་ཚོའི་ངག་རྒྱུན་དུ་བཤད་པ་ལྟར་ན། བྲག་གནས་ཞེས་པའི་གནས་མཆོག་དེ་ཐོག་མར་རྔོན་པ་ཞིག་གིས་རྙེད་ནས་ཡུན་རིང་མ་འདས་པར་མཛེ་ནད་ཅན་གྱི་མི་ཞིག་གནས་འདིའི་ནང་ཤི་བར་གྲགས། གང་ལྟར་རུང་ལོ་དུ་མར་སྲུང་སྐྱོང་དང་སྤོས་ཡོན་ཆབ་མེད་པའི་རྐྱེན་གྱིས་གནས་འདིའི་རང་བྱོན་རིང་བསྲེལ་ཁག་ཅིག་ཆག་ཤོར་ཆད་ལྷག་སོང་བས་མ་ཚད། དུས་ཡུན་རིང་བོར་བྲག་གནས་སུ་གནས་མཇལ་བར་འགྲོ་མཁན་ཡང་ཉིན་མོའི་སྐར་མ་ལྟར་གྱུར།
   ཉེ་བའི་ལོ་ཤས་རིང་ལ་ཡུལ་སྐོར་ལྗོངས་རྒྱུའི་ལས་རིགས་དེ་སའི་གོ་ལ་ཟླུམ་པོར་གསར་དུ་དར་རྒྱས་བྱུང་མཐར། རྒྱལ་ཁབ་ཕྱི་ནང་ཀུན་ནས་གནས་མཆོག་དེ་རུ་གནས་མཇལ་ཡོང་མཁན་ཡང་ཉིན་རེ་བཞིན་ཇེ་མང་དུ་སོང་། དེར་བརྟེན་ཁོ་ཚོས་དེང་རབས་སྔོན་ཐོན་གྱི་གློག་སྒྲོན་ལ་བརྟེན་ནས་བྲག་གནས་ཀྱི་བྲག་ཕུག་ཏུ་སྔ་རབས་པས་ཀྱང་མཇལ་མ་མྱོང་བའི་རྡོ་ལ་བརྐོས་པའི་ནང་བསྟན་གྱི་ལྷ་སྐུ་འདྲ་མིན་སྣ་ཚོགས་དང། ཁྱད་པར་དུ་བྲག་གནས་ཀྱི་ལྟེ་བ་སྟེ་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ཟེར་བའི་བྲག་ཕུག་ཏུ་སངས་རྒྱས་སྟོང་སྐུ་རྩ་གཉིས་ཀྱི་སྐུ་འདྲ་དང་མཐོ་ཚད་མི་ལུས་གཅིག་ཙམ་ཡོད་པའི་སྐུ་གདུང་ཆ་བརྒྱད། བྲག་སྲབ་རུ་དཔྱངས་ནས་ཡོད་པའི་རྡོ་རྔ་ཆེན་པོ་བཅད་གསར་དུ་མཇལ་རྒྱུ་རྙེད་པ་རེད། ལྟེ་བའི་བྲག་ཕུག་དེའི་ནང་མི་ལྔ་བརྒྱ་ཙམ་ཚུད་ཅིང་། དེའི་གཡས་སུ་སྤྱི་ཁྲི་ལྔ་བཅུ་ཙམ་ཡོད་པའི་བྲག་ཕུག་ནང་མི་བརྒྱ་ལྷག་ཙམ་ཤོང་བ་ཞིག་འདུག  བྲག་ཕུག་དེའི་ནང་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་རྡོ་ལ་བརྐོས་པའི་མཐུན་པ་སྤུན་བཞིའི་སྐུ་འདྲ་ཨ་ན་མ་ན་མཇལ་རྒྱུ་རྙེད། དེའི་གཡོན་ཕྱོགས་སུ་སྤྱི་ཁྲི་བཅོ་ལྔ་ཙམ་གྱི་མཚམས་ལ་གནས་གསར་ཟེར་བའི་བྱེ་མ་བླ་མ་སྐུ་ཕྲེང་བདུན་པས་རྙེད་པའི་བྲག་ཕུག་ཁྱད་འཕགས་ཅན་ཞིག་ཡོད་པ་དེའི་ནང་རྡོ་ལས་གྲུབ་པའི་རིང་བསྲེལ་དབྱིབས་འདྲ་མིན་སྣ་ཚོགས་དང་སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་མྱ་ངན་ལས་འདས་པའི་ཚུལ་བཅས་མངོན་སུམ་མིག་གིས་མཐོང་རྒྱུ་ཡོད་པ་ཞིག་རེད། དེའི་སྐོར་གྱི་ལོ་རྒྱུས་དག་འབྲེལ་ཡོད་ཤེས་ཆེད་རམས་པས་རྟོག་དཔྱོད་བྱེད་ན་མ་གཏོགས་ཕྲན་གྱིས་ཚོད་དཔག་བྱེད་རྒྱུ་ག་ལ་ཡོད།
གཞན་ཡང་བྲག་ཕུག་འདིའི་ནང་ཡར་འཛུལ་སའི་དོང་སྒོ་དང་མར་ཡོང་སའི་དོང་ཁ་གཉིས་ཀྱང་ཆེ་ཆུང་དབྱེ་བ་ལྡན་པ་ཆུང་བ་ཡར་འགྲོ་ས་དང་ཆེ་བ་མར་ཡོང་ས་རེད། ས་གནས་དེ་གའི་མི་རྣམས་ཀྱིས་བཤད་པ་ལྟར་ན། ཡར་འཛུལ་སའི་དོང་ནང་དུ་འགག་སྒོ་ཞིག་ཡོད་པས་གལ་སྲིད་གནས་མཇལ་བ་ག་གེ་མོ་ཞིག་འགག་སྒོ་རུ་ཡར་ཐར་དཀའ་ན་ཁོ་ལ་ལོ་ཧྲིལ་པོའི་ནང་བཀྲ་ཤིས་པའི་དོན་དག་ཞིག་འབུལ་རྒྱུའི་ཆོད་སེམས་འཆང་དགོས། སྤྱིར་གནས་འདི་ཉིད་ལ་མིང་བཏགས་སྟངས་འདྲ་མིན་སྣ་ཚོགས་ཡོད་ནའང་གནའ་སྔ་མོ་ནས་བོད་གངས་ཅན་གྱི་གནས་མཇལ་བ་ཚོས་ཐུགས་རེ་བཅོལ་སའི་གནས་མཆོག་ཅིག་ཡིན་གྱིན་རེད། ཁྱད་པར་དུ་ཡུལ་ཕྱོགས་འདིའི་བཤད་སྒྲོས་ལ་གནས་འདི་ནི་སྔོན་མའི་དུས་ནས་མི་དཔོན་བླ་དཔོན་རྣམས་ཀྱིས་མཇལ་སྒོ་དང་མཚམས་བཅའ་བྱེད་སའི་གནས་མཆོག་ཅིག་ཏུ་རྩིས། སྔར་བྱེ་མ་བླ་མ་སྐུ་ཕྲེང་བདུན་པ་དཔལ་ལྡན་ལེགས་བཤད་ཀྱང་བྲག་གནས་འདི་ཉིད་དུ་ལོ་ངོ་དུ་མར་མཁའ་འགྲོ་མཚམས་བཅའ་ནས་བཞུགས་མྱངས་ཤིང་། དེའི་དཔང་རྟགས་ནི་དེང་སང་ཡང་བྱེ་མའི་མཚམས་ཁང་ཞེས་བྲག་ཕུག་ཆུང་ཆུང་ཞིག་མཐོང་རྒྱུ་ཡོད། གང་ལྟར་བྲག་གནས་འདི་ཉིད་ནི་གནས་གཞན་དང་མི་འདྲ་བ་ཡ་མཚན་སྟོང་ལྡན་ཞིག་ཡིན་ཞིང་། དེང་སང་དེ་ཉིད་ནི་དུས་འགྱངས་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་འཁོར་ལམ་ཡིན་ལ། ཁམས་ལྷོ་ཕྱོགས་ཀྱི་གནའ་བོའི་ཇ་འདྲེན་བདལ་ལམ་དུ་འོད་སྟོང་འཕྲོས་པའི་མུ་རིག་ལྟ་བུ་ཞིག་ཀྱང་ཡིན་པ་རེད།
  • ལེ་ཚན་སྔོན་མ།:མི་ཉག་བཞག་བྲ་ལྷ་རྩེ།
  • ལེ་ཚན་རྗེས་མ།:རྡོ་ཕུ་ལུང་པའི་སྒེག་ཉམས།
  • དོ་སྣང་ཆེ་བའི་རྩོམ།