མི་ཉག་བཞག་བྲ་ལྷ་རྩེ།

རྩོམ་སྒྲིག་པས་བསྡུས།        2014-06-23

མི་ཉག་བཞག་བྲ་ལྷ་རྩེ།

བཞག་བྲ་ལྷ་རྩེ་ནི་སི་ཁྲོན་ཞིང་ཆེན་གྱི་ནུབ་བྱང་མཚམས་ཀྱི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྟའུ་རྫོང་ཞི་བདེ་ཤང་གི་ས་ཁོངས་སུ་གནས་ཡོད་ལ།མཚོ་ངོས་ལས་མཐོ་ཚད་སྨི༥༨༢༠ཡོད་ཅིང་།གངས་རི་ཆེན་པོའི་རི་རྒྱུད་ཀྱི་རི་རྩེ་ཨང་གཉིས་པ་ཡིན།ཤར་སྨད་འབོ་གངས་དཀར་དང་ཕན་ཚུན་ཞལ་གཟིགས་གནང་བ་ཇི་བཞིན་གནས།བཞག་བྲ་ལྷ་རྩེ་ནི་ལོ་རྒྱུས་སྙན་རྩོམ་རིང་མོ་གེ་སར་སྒྲུང་ནང་དུ་ཤར་སྟོད་བཞག་བྲ་མགོན་པོར་འབོད་པ་ཡིན་ལ་ཡར་ཕྱོགས་སུ་གནས་པའི་རབ་དཀར་གངས་ཀྱི་རི་བོ་ཞེས་པའི་དོན་ཡིན།རི་རྩེ་རུ་རྒྱུད་དུ་གངས་ཀྱིས་གཡོགས་ཤིང་དབྱར་དུས་སུ་རྟག་པར་ཆུ་འཛིན་དང་སྨུག་པའི་སྐ་རགས་བཅིངས།ནམ་མཁའ་སྔོ་ཞིང་དྭངས་བའི་དུས་སུ་ཁྲི་གདུགས་ཉི་མའི་འོད་ཟེར་འོག་ཏུ་བཀྲག་མདངས་སྤྲོ་ཞིང་ལེ་བར་བརྒྱ་གྲངས་ཀྱི་མཚམས་ནས་ཀྱང་གཟི་བརྗིད་ཀྱི་ཉམས་འགྱུར་མཇལ་ཐུབ།བོད་པ་རྣམས་ཀྱི་སེམས་ཁོངས་སུ་བཞག་བྲ་ལྷ་རྩེ་ནི་བླ་ན་མ་མཆིས་པའི་ཁྲི་ལོར་སོན་པའི་གངས་རིར་བརྩིས་ཏེ་ལྷ་རི་བཞིན་དུ་དད་མཆོད་བྱེད་བཞིན་ཡོད།གངས་རིའི་རི་འདབས་ཀྱི་མཚོ་མོ་ཆུང་ཆུང་གི་འགྲམ་ངོགས་དང་རི་བོའི་ཉག་ག་ལུང་པ་སོ་སོའི་ནང་དུ་རྡོ་ཕུང་གི་མཆོད་པ་མང་པོ་དང་རྣམ་པ་སྣ་ཚོགས་ཀྱི་རླུང་རྟའི་དར་ལྕོག་མང་པོ་གང་སར་བཙུགས་ཡོད།ལོ་རེའི་དཔྱིད་དཔལ་ཏེ་ལུགས་རྙིང་གི་ཟླ་བདུན་པར་ཁམས་པའི་ས་ཁུལ་གྱི་བོད་དམངས་རྣམས་ཀྱིས་དཀའ་ངལ་མ་འཛེམས་པར་ས་ཐག་རིང་པོ་ནས་བཞག་བྲ་གཡུ་མཚོའི་མཚོ་འགྲམ་དུ་ཡོང་ནས་ལྷ་རིར་མཆོད་འབུལ་བྱས་ནས་གནས་མཇལ་བྱེད་པའི་མཛད་སྒོ་འཚོགས་སྲོལ་ཡོད་ཅིང་།ཁོང་ཚོས་རླུང་རྟའི་རྒྱལ་མཚན་སྒྲེང་ཞིང་ཤུག་པའི་དྲི་བསུང་བདུག་ནས་མ་འོངས་པར་ཕྱུགས་ལ་འཕེལ་ཁ་དར་ནས་བདེ་སྐྱིད་ཡོང་བ་དང་རྒྱལ་ཁམས་བདེ་ཞིང་སྐྱིད་པའི་སྨོན་ལམ་འདེབས།རི་བོའི་ལྗོངས་སུ་སྔོ་ལྗང་གཡུ་ལོ་མརྒད་རང་མདངས་འཛིན་ལ་ཡུལ་ལྗོངས་ལྟ་ན་སྡུག་ཅིང་མཛེས་སྡུག་བསམ་གྱིས་མི་ཁྱབ་ལ་གངས་རི་དང་འཁྱགས་རོམ།ནགས་ཚལ།རྦབ་ཆུ།མཚེའུ་དང་ཆུ་ཚན་སོགས་མཉམ་འདྲེས་གཅིག་གྱུར་གྱི་རང་བྱུང་ཡུལ་ལྗོངས་མིག་གི་དགའ་སྟོན་དུ་ལྷག་ཅིང་གངས་འཁྱགས་བཞུ་བའི་ཆུ་ཕྲན་གཅིག་ཏུ་འདུས་པའི་ཆུ་བོ་དེ་རྟ་མཆོག་སྲབ་མེད་གཅིག་དང་མཚུངས་པར་ལང་ལོང་ཆད་མེད་དུ་རྒྱུ་བ་བརྗིད་ཆགས་མཛེས་སྡུག་ཞིག་དང་།ཉེ་འཁོར་དུ་མཚེའུ་ཆེ་ཆུང་མི་འདྲ་བ་བདུན་ཡོད་ལ་མཛེས་སྡུག་ཆེས་ལྡན་ཞིང་སྐད་གྲགས་ཆོད་པ་ནི་བཞག་བྲ་གཡུ་མཚོ་དང་ཡར་རུ་ཨ་མཚོ་ཞེས་པའི་ལྕམ་སྲིང་མཚེའུ་འདི་གཉིས་ཡིན།

མི་ཉག་བཞག་བྲ་ལྷ་རྩེ།

  • ལེ་ཚན་སྔོན་མ།:མི་ཉག་གནས་ཆེན་ཕག་མོ་རི་དང་ཕག་མོ་རི་དགོན་པ།
  • ལེ་ཚན་རྗེས་མ།:གནས་ཆེན་སྦ་ཞབས་བྲག་དཀར་གྱི་ངོ་སྤྲོད་བསྡུས་པ།
  • དོ་སྣང་ཆེ་བའི་རྩོམ།