མི་ཉག་གནས་ཆེན་ཕག་མོ་རི་དང་ཕག་མོ་རི་དགོན་པ།

དབལ་ཤུལ་པདྨ་ཡེ་ཤེས།        2014-06-23

མི་ཉག་གནས་ཆེན་ཕག་མོ་རི་དང་ཕག་མོ་རི་དགོན་པ།

གནས་ཆེན་ཕག་མོ་རི་ནི་ཉག་ཆུ་རྫོང་ཨོ་རོང་ཤུལ་གྱི་ནང་ཁུལ་དུ་ཡོད་ལ་རྫོང་དང་སྤྱི་ལེ39བརྒྱངས་པའི318ལམ་གྱི་གཡས་ལོགས་སུ་གནས་ཡོད།རི་བོའི་ངོས་སུ་ཐང་ཤིང་དང་གསོམ་ཤིང་སོགས་སྟུག་པོར་འཁྲིགས་ནས་ཚང་ཚིང་གི་ནགས་ཚལ་གྲུབ་ཡོད་པ་མ་ཟད་དེའི་ནང་དུ་རི་དྭགས་གླ་བ་དང་ནགས་བེའུ།གཅན་གཟན་དོམ་དང་གཟིག འདབ་ཆགས་བྱ་དཀར་དང་ཁོ་ལོང་།ཙི་རས།འཇོལ་མོ་སོགས་མང་པོ་གནས་ཡོད།དུས་ཡུན་རིང་པོར་མི་རྣམས་ཀྱིས་དེ་དག་ལ་གནོད་འཚེ་མ་བཏང་བས་ཕན་ཚུན་ཞི་མཐུན་གྱིས་གནས་ཡོད་ལ་འདབ་ཆགས་རྣམས་ཅི་འདོད་གང་དགར་གྱིས་མི་རྣམས་ཀྱི་ལག་པ་དང་ཕྲག་པའི་ཐོག་ལ་བབས་ཏེ་ཁ་ཟས་བཟའ་བར་བྱེད།གནས་རི་དེའི་སྐོར་ལམ་གྱི་གཡས་གཡོན་དུ་རྡོ་འདྲ་མིན་སྣ་ཚོགས་ཐོག་ལ་མ་ཎི་རང་བྱོན་དང་།རྡོའི་མཁར་རྔ་རང་གྲགས།སྲིད་པའི་ནས་འབྲུ།ཕག་མགོ་རང་བྱོན།བྱ་རྒྱལ་གྱི་སྒོ་ང་།ཕག་མོའི་སྐུ།སྒྲོལ་སྐུ་རང་བྱོན།རྡོ་རྗེའི་ཕག་མོ་རང་བྱོན།ཨོ་རྒྱན་པད་ཞྭ་སོགས་སུ་གྲགས་པའི་རང་བྱུང་ལྷུན་གྱིས་གྲུབ་པ་ཧ་ཅང་མང་པོ་ཡོད་ལ་དེ་མིན་ཕག་མོའི་གསང་གནས་སྒྲུབ་ཕུག་དང་འཆི་ཁ་བར་རྡོའི་གནས་སྒོ།རྨི་ལམ་བར་རྡོའི་གནས་སྒོ།བསམ་གཏན་བར་དོའི་གནས་སྒོ།མཁའ་འགྲོའི་བྲོ་ར་སོགས་མོ་མཚར་བ་བགྲང་ལས་འདས་པ་མཇལ་རྒྱུ་ཡོད་དོ།། དེ་ཡང་ཕག་མོ་ཆོས་འཁོར་དར་རྒྱས་གླིང་ངམ་ཕག་མོ་རི་དགོན་པ་ཞེས་ཡོངས་སུ་གྲགས་པ་དེ།རབ་བྱུང་གསུམ་པའི་ཤིང་བྱི་ལོ་སྟེ་ཕྱི་ལོ༡༢༠༤ལ་གྲུབ་ཐོབ་ཞིག་པོ་གཉིས་མེད་རྡོ་རྗེས་གསར་དུ་ཕྱག་འདེབས་མཛད།ཁོང་ཉིད་མགོ་ལོག་རྨ་ཆུ་ཁའི་ཡུལ་དུ་སྐུ་འཁྲུངས་ཤིང་ལྷ་ལུང་དཔལ་རྡོར་གྱི་རྣམ་སྤྲུལ་དུ་གྲགས།རི་བོ་རྩེ་ལྔ་སོགས་སུ་བཞུགས་ནས་སྒོམ་སྒྲུབ་མཛད་ནས་ཉམས་རྟོགས་ཀློང་དུ་བརྡོལ་ཞིང་གྲུབ་པའི་རྟགས་མཚན་རབ་དང་རིམ་པ་ཞིག་བཞག་པར་གྲགས།ཐོག་མར་དགོན་འདིའི་ཆོས་གཞི་འབྲུག་པ་བཀའ་བརྒྱུད་ཡིན་པ་ལ་རབ་བྱུང་བཅོ་ལྔ་བའི་དུས་དཀྱིལ་ཙམ་ལ་བྲག་མཁན་པོ་འདས་ནས་བླ་མ་ཚེ་རིང་གིས་ཆོས་རྒྱུད་ས་སྐྱའི་ལུགས་སུ་བསྒྱུར།སྐབས་དེར་ལྕགས་ལ་རྒྱལ་པོས་མཐུན་རྐྱེན་སྦྱར་ཏེ་གཙུག་ལག་ཁང་ཀ་བ་བཅུ་དྲུག་ཅན་གཅིག་བཞེངས།སྤྲུལ་སྐུ་རིག་འཛིན་རྒྱ་མཚོ་དང་མཁན་པོ་གྲགས་པ་རབ་རྒྱན་གཉིས་དགོན་འདིར་བཞུགས་ནས་ཆོས་སྲིད་གཉིས་ཐུགས་ཁུར་རྒྱ་ཆེར་མཛད།དེ་རྗེས་སྤྲུལ་སྐུ་ཀུན་བཟང་གི་སྐུ་རིང་ལ་གྲུབ་མཐའ་སླར་ཡང་བཀའ་བརྒྱུད་པ་ལ་བསྒྱུར་ནས་ད་བར་བསྟན་པ་དར་ཞིང་རྒྱས།དགོན་འདིའི་གྲྭ་བའི་ཞལ་གྲངས་བརྒྱ་དང་ཉི་ཤུ་ལྷག་བཞུགས།དུས་མཆོད་དང་འབག་འཆམ་གྱི་སྐོར་ནི་མགོན་པོ་ཕྱག་བཞི་གཏོར་ཟློག རྡོ་རྗེ་རྣལ་འབྱོར་བའི་ཆོ་ག མགོན་པོ་བེར་ནག་གི་གཏོར་བཟློག བདེ་ཆེན་ཞིང་སྒྲུབ།མགོན་པོའི་གར་འཆམ་སོགས་ཡོད།དུས་འགྱུར་གྱི་དབང་གིས་དགོན་འདི་བཅོམ་བརླག་ཏུ་བཏང་བའི་རྗེས་སུ་སླར་ཡང་མཁན་པོ་རོང་བ་ཕུན་ཚོགས་ནོར་བུ་དང་རོང་བ་ཕུན་ཚོགས་དར་རྒྱས་སོགས་ཀྱིས་འགན་ཁུར་ཏེ་གཙུག་ལག་ཁང་སོགས་གསར་དུ་བཞེངས་ཤིང་མི་ཉག་མཁན་པོ་ཆོས་གྲགས་གདན་དྲངས་ནས་འདུལ་བ་གཞི་གསུམ་གྱི་ཆོ་ག་གསར་དུ་བཙུགས་སོ།།མཁན་པོ་ཁོང་ནི་ཕྱི་ལོ༡༩༡༦ལ་བཞག་བྲ་ལྷ་རྩེའི་ཉེ་འདབས་དགུ་འབྲུག་སུམ་མདོ་ཞེས་པར་སྐུ་བལྟམས།སྐུ་ན་རིམ་གྱིས་ནར་སོན་ཞིང་རྒྱལ་བའི་བསྟན་པ་རབ་ཏུ་བྱུང་སྟེ་མདོ་ཕྱོགས་བཀའ་པོད་ལྔ་དང་སྔགས་རྒྱུད་བཞི་ལ་ཐོས་བསམ་ཕུལ་དུ་ཕྱིན་པ་གནང་ཞིང་ལྷག་པར་དུ་ཚེ་རབས་ལས་ཀྱི་བླ་མ་རྫོགས་ཆེན་ཨ་བུ་ལྷ་སྒང་དང་མཁན་པོ་པདྨ་ཚེ་དབང་ཞེ་ཆེན་ཀོང་སྤྲུལ་པདྨ་དྲི་མེད་མཆོག་སོགས་ཀྱི་མདུན་ནས་འོད་གསལ་རྫོགས་པ་ཆེན་པོའི་ཆོས་སྐོར་ལ་བཤད་ཁྲིད་དང་ཚིག་ཁྲིད་འབོག་ཁྲིད་དམར་ཁྲིད་ཀྱི་སྒོ་ནས་གསན་བསམ་མཐའ་ཆོད་པར་བྱས་པ་མ་ཟད།ཉམས་བཞེས་གནད་དུ་བསྣུན་ནས་མཁས་དང་གྲུབ་པའི་གོ་འཕང་མཐོན་པོ་གཤེགས།ཕྱིས་དགོན་སྡེ་དང་སློབ་གླིང་མང་པོར་ཆེད་ཞུས་ཀྱིས་ཕེབས་ཏེ་ནང་བསྟན་གྱི་གཙོས་རིག་གནས་སྣ་ཚོགས་འཆད་ཉན་ཟབ་མོ་གནང་སྟེ་བུ་སློབ་མཁས་པ་བརྒྱ་ཕྲག་མང་པོ་སྐྱེད་སྲིང་བྱས་པ་སོགས་རང་དོན་ཉམས་ལེན་དང་གཞན་དོན་འཆད་ཉན་གྱི་སྒོ་ནས་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་ཕྱག་བཞེས་གནང་བཞིན་དགུང་གྲངས་གོ་གཅིག་པ་སྟེ་སྤྱི་ལོ༢༠༠༥ལོར་གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུས་སོ།།

མི་ཉག་གནས་ཆེན་ཕག་མོ་རི་དང་ཕག་མོ་རི་དགོན་པ།

  • ལེ་ཚན་སྔོན་མ།:རི་བོ་གངས་དཀར་དང་དེའི་སྐོར་གྱི་གནས་ཤུལ།
  • ལེ་ཚན་རྗེས་མ།:མི་ཉག་བཞག་བྲ་ལྷ་རྩེ།
  • དོ་སྣང་ཆེ་བའི་རྩོམ།