གོང་ཆགས་ཚ་ཆུ།

        2011-01-04

ཕྱག་ཕྲེང་ལ་ཆ་མཚོན་ནས་བཤད་ན་ཚ་ཆུ་ཆེས་འབེལ་པོ་ཡོད་པ་ཞིག་རེད། དཔེར་ན་དཔལ་དགེ་ཚ་ཆུ། སྦྲུལ་ཚ་ཁའི་ཚ་ཆུ་སོགས་མང་པོ་ཡོད་ཅིང་། འདིར་ཕྲན་གྱིས་འཆད་འདོད་པ་ནི་དེ་ལས་གཞན་ཞིག་སྟེ་གོང་ཆགས་ཚ་ཆུ་ཞེས་པ་དེ་ཡིན་ནོ།།
དང་པོ་མིང་ལ་ཅུང་ཙམ་འགྲེལ་ན་འདི་ལྟར་སྟེ། ཚ་ཆུ་འདི་ནི་ཕྱག་ཕྲེང་རྫོང་གི་མཁར་སྟོད་རྒྱུད་དུ་གནས་ཡོད། དེ་བས་ན་ཚ་ཆུ་འདིའི་མིང་འདོགས་ཚུལ་ལ་ཆ་བཞག་ནས་བཤད་ན། སྟོད་ཆགས་ཚ་ཆུ་ཞེས་འབོད་དགོས་པ་འདྲ་མོད། འོན་ཀྱང་སྟོད་དང་གོང་ནི་དོན་གཅིག་ལྟར་ཡིན་པས། བརྗོད་བདེའི་ངང་ནས་གོང་ཆགས་ཚ་ཆུ་ཞེས་མིང་བཏགས་པར་སེམས། ཚ་ཆུ་འདི་ནི་ཕྱག་ཕྲེང་རྫོང་མཁར་དང་ལེ་དབར་དྲུག་ཅུ་ཙམ་གྱིས་རྒྱང་བའི་སགོང་ཤང་གི་མངའ་ཁོངས་ཀྱི་ཤོར་ཆུའི་འགྲམ་དུ་གནས་ཤིང་། འགྲིམ་འགྲུལ་སྟབས་བདེ་པོ་ཡིན་སྟབས་ཉིན་གཅིག་ནང་དུ་ཕར་འགྲོ་ཚུལ་འོང་བྱེད་ཐུབ་ཀྱིན་རེད། ངག་རྒྱུན་དུ་བཤད་པ་ལྟར་ན། ཚ་ཆུ་དེར་འཁྲུས་གསོལ་བྱེད་ན་ཚགས་ཚིགས་མི་ན་བར་ཕན་པའི་དགེ་མཚན་ཡོད། བཤད་སྲོལ་ཞིག་ལ་ཚ་ཆུ་འདི་ནི་སེང་ཆེན་ནོར་བུ་དགྲ་འདུལ་གྱིས་འཇོར་ཁ་གང་གིས་བརྐོས་པ་རེད་ཅེས་བཤད་སྲོལ་མཆིས། དངོས་གནས་ཚ་ཆུའི་དབྱིབས་གཟུགས་ཀྱང་འཇོར་ཆེན་པོ་ཞིག་གིས་ལན་གཅིག་སློག་པ་དང་ཀུན་ནས་མཚུངས། ཚ་ཆུ་དེའི་འགྲམ་ལ་བྲག་ཕུག་ཆེ་ཆུང་འགའ་འདུག་པ་དེ་ནི་ཚ་ཉལ་ཡོང་མཁན་རྣམས་ཀྱིས་དབྱར་དུས་སུ་ཆར་ཆུ་གཡོལ་ས་དང་། དགུན་དུས་སུ་གྲངས་རླུང་འགོག་ས་ཡིན་པ་བཤད། ཚ་ཆུའི་ཟུར་དུ་བྲག་རྡོ་ཨི་ཁུང་ཅན་ཞིག་མཆིས། བཤད་སྲོལ་ལ་དེ་ནི་གླིང་རྗེ་གེ་སར་རྒྱལ་པོའི་ཆིབས་རྟ་འདོགས་ས་རེད། ཚ་ཆུའི་གོང་དུ་གླིང་རྗེ་གེ་སར་རྒྱལ་པོས་གསོལ་ཇ་བསྐོལ་བའི་ཐབ་རྡོ་གསུམ་དང་བལ་གདན་རེད་ཟེར་བའི་རྡོ་ལེབ་དཀར་པོ་སོགས་འདུག། མདོར་ན་གོང་ཆགས་ཚ་ཆུ་མིའི་ཚགས་ཚིགས་ལ་ཕན་པ་མ་ཟད། མཛེ་ནད་ལའང་ཕན་པ་སྐད། ཚ་ཆུ་དེ་ད་དུང་དབྱར་ཚ་བས་གདུང་དུས་དང་། དགུན་གྲང་རླུང་གིས་མནར་དུས་ཚ་གྲང་རན་པའི་ཁྱད་ཆོས་ལྡན་པ་ཞིག་ཡིན་ཞེས་ས་གནས་དེ་གའི་མི་རྣམས་ཀྱིས་བཤད་སྲོལ་འདུག་པ་ཞིག་རེད།
  • ལེ་ཚན་སྔོན་མ།:ཆུ་ ཀླུང་ དང་ མཚེའུ།
  • ལེ་ཚན་རྗེས་མ།:མཁར་གསར་མཚོ།