དཔལ་འབར་གྱི་མདོག་གསུམ་མཚོ།

        2017-09-20

དཔལ་འབར་གྱི་མདོག་གསུམ་མཚོ།

མདོག་གསུམ་མཚོ་ནི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་དཔལ་འབར་གྲོང་རྡལ་གྱི་ཁོངས་སུ་ཆགས་ཡོད་ལ་རྫོང་གྲོང་ནས་སྤྱི་ལེ་ལྔ་བཅུ་ལྷག་ཡོད། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི4200ཡས་མས་སུ་ཡོད།  མཚོ་འདི་ནི་མདོག་དཀར་པོ་དང་། ནག་པོ། སེར་པོ་གསུམ་གྱིས་གྲུབ་ཡོད་ལ་བཤད་རྒྱུན་མང་པོ་ཞིག་ཡོད། འགའ་ཤས་ཀྱིས་ཆུའི་གཏིང་ཟབ་ཚད་མི་གཅིག་པས་མདོག་ཀྱང་ཁ་ཁ་ཡིན་ཟེར།  ཁ་ཤས་ཀྱིས་མཚོ་འགྲམ་གྱི་གཏེར་རིགས་དངོས་པོ་མི་གཅིག་པས་མཚོ་མདོག་མི་འདྲ་བ་བྱུང་བ་རེད་ཟེར། ལ་ལས་མཚོ་གཏིང་གི་སྐྱེ་དངོས་མི་འདྲ་བས་མཚོ་མདོག་མི་འདྲ་བ་བྱུང་བ་རེད་ཅེས་ཟེར་སྲོལ་ཡོད།

མཚོ་ནང་ཉྭ་རིགས་སྣ་ཚོགས་ཅི་དགར་འཁྱུག་རྩལ་ངོམ་གྱིན་ཡོད་པ་དང་། མཚོ་འགྲམ་གྱི་འབྲོག་པ་ཚོས་ཆོས་ལུགས་དད་མོས་ཀྱི་དབང་གིས་ཉ་ལ་གནོད་པ་སྐྱེལ་གྱིན་མེད། ངག་རྒྱུན་ལྟར་ན་འབྲོག་པ་ཚོས་ཁ་ཟས་མཚོ་ནང་དུ་འཕངས་ཚེ་མཚོ་དཀར་པོའི་ནང་གི་ཉ་ཡིས་མཚོ་འགྲམ་དུ་ཡོང་ནས་ཁ་ཟས་འཕྲོག་རྩོད་བྱེད་པ་དང་། མཚོ་ནག་གི་ཉ་ཡིས་ཟས་རིགས་འཕྲོག་རྩོད་མི་བྱེད་པར་མཚོ་དཀྱིལ་དུ་འཁྱུག་རྩལ་ངོམ་ནས་འདུག་ཅེས་བཤད་སྲོལ་ཡོད།

དུས་ཚིགས་བཞི་ལ་མདོག་གསུམ་མཚོའི་ཁ་དོག་མི་འདྲ་བ་དང་། ལོ་རེའི་ཟླ་དྲུག་པའི་ཚེས་བཅོ་ལྔ་དང་བཅུ་དྲུག་ཉིན་གཉིས་རིང་ལ་ས་གནས་སོ་སོ་ནས་ཡོང་བའི་དད་ལྡན་མང་པོས་གནས་འདིར་མཚོ་སྐོར་བྱེད་ཀྱིན་ཡོད།


  • ལེ་ཚན་སྔོན་མ།:འབུམ་མཚོ་ཕྱུག་མོ།
  • ལེ་ཚན་རྗེས་མ།:ནུབ་ཕྱོགས་བདེ་ལྡན་གྱི་མཚོ་སྟེ་དཔའ་ཤོད་ཀྱི་ར་འོག་མཚོ།