ལྷ་བཟོ་བཀྲ་ཤིས་རྡོ་རྗེ།

ཀུན་ཁྱབ།        2021-03-03

   ལྷ་བཟོ་བཀྲ་ཤིས་རྡོ་རྗེ།

  བཀྲ་ཤིས་རྡོ་རྗེ་ནི་སྤྱི་ལོ་༡༩༦༢ལོར་ཨ་ལོ་ཁབ་སྟེང་དུ་སྐུ་འཁྲུངས། སྐྱབས་ཆེ་ཕན་བདེའི་མདུན་ནས་ཡི་གེ་འབྲི་ཀློག་བསླབས།   ཆུང་དུས་ནས་རི་མོའི་སྒྱུ་རྩལ་ལ་དགའ་ཞེན་རབ་ཏུ་ཟབ་པས་དཔལ་སྤུངས་དགོན་དུ་སྤྲུལ་པའི་བཟོ་བོ་ཐང་བླ་ཚེ་དབང་གི་དྲུང་ནས་བོད་རིགས་ཀྱི་མཛེས་རྩལ་རི་མོ་སྤྱི་དང་ཀརྨ་སྒར་བྲིས་ལ་ཆེད་སྦྱོང་བྱས་པས་སྦྱངས་འབྲས་མཐར་ཕྱིན་ཅིང་རྗེ་ཉིད་ཀྱི་རྒྱུད་འཛིན་གྱི་སློབ་མའི་ཐུ་བོར་གྱུར། དེ་བཞིན་དཔལ་སྤུངས་དགོན་དང་།  དགོན་ཆེན་དགོན།   ལྕགས་ར་དགོན།    གནམ་བྲག་དགོན།  དཔལ་ཡུལ་དགོན།   རྫ་ནག་དགོན།  ལྗོངས་གནས་དགོན་སོགས་ཀྱི་གྱང་ལྷ་དང་།   དཔེ་ཝར་དགོན་གེ་སར་དྲན་གསོ་ལྷ་ཁང་གི་གླིང་གི་དཔའ་ཐུལ་སུམ་ཅུའི་ལྡེབས་རིས།  དཔལ་སྤུངས་སྒྲུབ་སྡེ་འོག་མའི་མཚན་བརྒྱད་དགུ་ཐང་།  ཤིང་རྟ་དགུ་ཐང་།   གནས་བརྟན་ལྔ་ཐང་།   གསེར་ཕྲེང་ལྔ་ཐང་སོགས་སྒར་ལུགས་ཀྱི་ཐང་ག་བརྒྱ་ཕྲག་མང་པོ་བྲིས་ཤིང་།  དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མངོན་མིན་ཤུལ་བཞག་རིག་གནས་ཁང་གི་གེ་སར་རྟ་རྒྱུག་ཐང་ག་དཔྱིད་ཀྱི་ཉི་མ་སོགས་བྲིས་པས་ཕུལ་བྱུང་གི་བྱ་དགའ་དང་རྒྱ་ཆེའི་ཤེས་ཡོན་པ་ཡོངས་ཀྱིས་གདེང་འཇོག་མཐོན་པོ་ཐོབ། ༢༠༡༣ལོའི་ལྷ་བབས་དུས་ཆེན་ཉིན་དཔལ་སྤུངས་ལྔ་རིག་བཟོ་རིག་ཆེད་སྦྱོང་སློབ་གླིང་སྟེ་དཔལ་སྤུངས་དྷརྨ་ཀ་རའི་སྒྱུ་རྩལ་སློབ་གླིང་གི་སློབ་དཔོན་ཆེན་མོའི་འགན་འཛིན་དང་རབ་འབྱམས་པའི་དཔང་ཡིག་བཞེས།

༢༠༡༥ལོར་སྡེ་དགེ་རྫོང་སྐབས་གཉིས་པའི་ཕུལ་བྱུང་གི་ཤེས་ལྡན་མི་སྣའི་གཟེངས་རྟགས་ཐོབ་པ་དང་།    སྐབས་ལྔ་པའི་ཀྲུང་གུང་ཁྲེན་ཏུའུ་རྒྱལ་སྤྱིའི་མངོན་མིན་ཤུལ་བཞག་རིག་གནས་དུས་ཆེན་དུ་ཕུལ་བྱུང་གི་བྱ་དགའ་ཐོབ།   ༢༠༡༧ལོར་སྡེ་དགེ་རྫོང་སྐབས་དང་པོའི་གནས་མཆོག་མཛངས་མིའི་གཟེངས་རྟགས་སོགས་ཐོབ་པ་རེད།     ད་ལྟ་དཀར་མཛེས་ཁུལ་མངོན་མིན་ཤུལ་བཞག་རིག་གནས་ཀྱི་ཚབ་མཚོན་རྒྱུན་འཛིན་པ།  དཔལ་སྤུངས་དྷརྨ་ཀ་རའི་སྒྱུ་རྩལ་སློབ་གླིང་གི་སློབ་དཔོན་སོགས་ཀྱི་འགན་བཞེས་བཞིན་མདོ་དབུས་ཁམས་གསུམ་གྱི་སློབ་ཚོགས་མང་པོ་གསོ་སྐྱོང་གནང་བཞིན་བཞུགས་པ་ལགས།

  • ལེ་ཚན་སྔོན་མ།:ལྷ་བཟོ་ཨ་ཀོང་བུ་ཤེར།
  • ལེ་ཚན་རྗེས་མ།:ལྷ་བཟོ་འཇམ་དགའ་ཕ་བུ་གསུམ།