རྗེ་བཙུན་མ་མདོ་ཟླ་གསལ་དབང་མོའི་མཛད་རྣམ་རགས་བསྡུས།

ཚངས་པོ།        2017-05-27

རྗེ་བཙུན་མ་མདོ་ཟླ་གསལ་དབང་མོའི་མཛད་རྣམ་རགས་བསྡུས།

     དེ་ཡང་ཀུན་མཁྱེན་འཇིགས་མེད་གླིང་པའི་སྐུའི་སྐྱེ་སྲིད། གྲུབ་པའི་རིག་འཛིན་ཆེན་མོ་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་ཞེས་སུ་གྲགས་པའི་གདུང་སྲས། མགོ་ལོག་ཨ་སྐྱོང་ལྷ་ཆེན་གྱི་སྲས་མོར་འཁྲུངས་པའི་བདེ་ཆེན་རིག་པའི་རལ་གྲི་དང་ཁམས་མི་ཉག་གི་ཡུལ་དུ་བྱོན་པའི་རག་ཤུལ་བཟའ་རིག་བྱེད་དབང་མོ་ཟུང་ལས་མདོ་རིན་མོ་ཆེ་ཁམས་གསུམ་ཟིལ་གནོན་དགྱེས་པ་རྡོ་རྗེ་དང་། ལྕམ་སྲིང་ཚེ་འཛིན་དབང་མོ་འཁྲུངས་སོ།   མདོ་རིན་པོ་ཆེ་ཁམས་གསུམ་ཟིལ་གནོན་དགྱེས་པ་རྡོ་རྗེ་ནི་སྐྱབས་མགོན་མཁྱེན་བརྩེའི་གདུང་རིགས་རྡོ་གྲུབ་རྒན་གྱི་སྐྱེ་སྲིད་རིགས་སྲས་ཤེས་རབ་མེ་འབར་དང་། དེའི་ཡང་སྲིད་རྒྱལ་རོང་འགུ་ཐང་དུ་བྱོན་པ་རིག་འཛིན་དྲི་མེད་གྲགས་པའི་ཡང་སྤྲུལ་ཡང་ཡིན་ནོ། 

     སྤྱིར་མདོ་ཚང་ནི་སྐྱབས་མགོན་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་སྐུ་དུས་ནས་བླ་མ་སྒར་བའི་ཚུལ་གྱིས་གངས་ལྗོངས་མཐའ་དབུས་ཀུན་ཏུ་འགྲོ་དོན་མཛད་ཅིང་། ལྷག་པར་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་སྤྱི་དང་། དར་མདོ་ལྕགས་ལ་རྒྱལ་ཁབ་གདུལ་ཞིང་དུ་བསྐྱངས་པས་མདོ་སྒར་ཞེས་གྲགས་པ་ཆེར་བྱུང་བ་དང་། ལྷག་པར་ཁམས་གསུམ་ཟིལ་གནོན་དགྱེས་པ་རྡོ་རྗེའི་སྐབས་སུ་མདོ་སྒར་ལྷག་པར་དུ་དར་ལ། རྨེ་བ་དགོན་པ་གསར་འདེབས་གནང་བ་སོགས་འགྲོ་དོན་ཤིན་ཏུ་རྒྱས་ཤིང་།  ལྷ་སྡེ་ཆེ་ཕྱུག་འཛོམས་པ་མང་པོས་བཀུར་ཡང་། རྗེ་སྔ་མའི་ཕྱག་སྲོལ་ལྟར་འབྲོག་སྒར་སྤོ་བསྐྱོད་ཀྱི་རྣམ་ཐར་བསྐྱངས་ནས་འགྲོ་དོན་མཛད། རྗེ་བཙུན་མ་ཟླ་གསལ་དབང་མོ་འདི་ཉིད་ནི།  རྗེ་དེ་ཉིད་ཀྱི་ལྕམ་སྲིང་མ་ཚེ་འཛིན་དབང་མོ་ཞེས་མཁའ་འགྲོ་མ་ལས་ཀྱི་དབང་མོའི་རྣམ་རོལ་དུ་གྲགས་པ། ཆོས་དང་རིག་གནས་སྤྱི་དང་། ཁྱད་པར་དུ་གསོ་རིག་སྨན་གྱི་འགྲོ་དོན་རྒྱ་ཆེར་མཛད་དེ་ནད་པ་ལ་བྱམས་ཤིང་སྨན་ལ་ཡོན་བཞེས་སྲོལ་མེད་པ་སོགས་བྱང་ཆུབ་སེམས་པ་དངོས་དེ་ལས།  རབ་རྒྱལ་ས་འབྲུག་སྤྱི་ལོ༡༩༢༨ལོར་མགོ་ལོག་རྨ་ཆེན་ཁྲ་ཚང་གནས་ཞེས་པར་སྐུ་འཁྲུངས། སྲིད་འབྱོར་སྙིང་པོར་མི་ཞེན་པ་དམ་པའི་ངང་ཚུལ་བཟང་པོ་ལྟ་སྤྱོད་ཅིའི་ཐོག་ནས་ཀྱང་གསལ་བར་མཚོན་ཏེ། འཇིག་རྟེན་ཐ་སྤྱོད་རྒྱན་ཆ་ལུགས་སོགས་ལ་དགྱེས་ཚོར་གཏན་ནས་མི་མཛད་པར། མགུལ་རྒྱན་སོགས་རྒྱན་ཆའི་རིགས་མང་པོ་ཞིག་ཆེད་དུ་གཏོར་རླག་སྦ་སྐུང་དུ་བཏང་ནས་འཕྱོར་སྤྲས་མི་དགོས་པའི་ཐབས་ལ་འབད་ཅིང་། སྔོན་སྦྱངས་སྐྱེས་ཐོབ་ཤེས་རབ་ཆེ་བས། དགུང་གྲངས་བརྒྱད་ཙམ་ན་སྐུའི་ཞང་པོ་སྤྲུལ་སྐུ་རང་བྱུང་མདུན་ནས་ཀ་ཁའི་སྦྱོར་ཀློག་ཐེངས་གཅིག་བསླབས་པས་མཁྱེན། ཕྱི་ཉིན་འཇམ་དཔལ་མཚན་བརྗོད་དཔེ་ཆ་ཕྱག་ཏུ་བཞག་ནས་འདོན་དགོས་གསུངས་པ་ལྟར་ཤར་གྱིས་བཏོན་པར་གྲགས་པ་སོགས་ངོ་མཚར་བར་ཡོད་ལ། རྗེས་སུ་སྐུ་ཞང་མདོ་རིན་པོ་ཆེ་ཞིང་དུ་གཟིགས་པ་དང་། རྗེ་ཉིད་མཁྱེན་བཟོད་ཤིན་ཏུ་ཆེ་བས་མདོ་སྒར་བླ་བྲང་གི་གཞིས་འཛིན་རྒྱུད་སྤེལ་གྱི་ཞུ་བ་བྱུང་བ་བཅས་ལའང་ཞལ་བཞེས་གཏན་ནས་མེད་པར། ནམ་རྒྱུན་དབུ་སྐྲ་བཀྲུ་བའི་ཚེ་འདི་རྩ་བ་ནས་བཅད་རྒྱུ་བྱུང་དུས་ནམ་ཞིག་ཡིན་ན་ཞེས་སུན་སྣང་ཁོ་ན་མཛད་པས་སྐུ་ཉིད་དགུང་གྲངས་ཉེར་གཉིས་བཞེས་པའི་ཉིན་ཞིག་ལ། མ་ཡུམ་མཆོག་ནས་སྲས་མོ་ཁོང་ཉིད་སྐུ་ནར་སོན་ཏེ་རང་གི་མདུན་ལམ་ལ་རང་གིས་བསམ་དཔྱད་ཐུབ་པ་མཁྱེན་ནས། ཁྱེད་དེ་ལྟར་ཐག་ཆོད་ངེས་སམ་ཞེས་ནན་འདྲི་གནང་བར། སྔ་མོ་ནས་དམ་བཅའ་མི་འགྱུར་བའི་ཐ་ཚིག་ཐུགས་ལ་བཅིངས་ཡོད་པ་བཞིན་ཞལ་བཞེས་མཛད་པས། མ་ཡུམ་གྱིས་དར་ཁ་བཅས་མི་ཉག་ལའུ་ཐང་གི་སྤྲུལ་སྐུ་སྒྲ་གཅན་མདུན་སྐྱེལ་རྩིས་ལ། དེ་ཡང་ཐོག་མར་སྤྲུལ་སྐུ་སྒྲ་གཅན་མདུན་དུ་ཕྱག་ཡིག་བརྒྱུད་ཞུ་བ་ཕུལ་བ་ལ། ལན་དུ། ཉིད་ཀྱི་སྐྲ་ཕུད་ནི་བཞེས་མི་ཕོད་ཀྱང་། དབུ་སྐྲ་བསིལ་ནས་ཡོད་ན་བླངས་པས་ཆོག་གསུངས་པ་ལྟར། ཉིད་ལ་ཉིད་ཀྱིས་དབུ་སྐྲ་བསིལ་ནས་ཕུལ་ཏེ། མཆོག་སྤྲུལ་སྒྲ་གཅན་མདུན་ནས་ཚངས་སྤྱོད་དགེ་བསྙེན་མའི་སྡོམ་པ་འབོགས་པར་མཛད།  དེའི་ཕྱི་ལོ་སྟེ་དགུང་གྲངས་ཉེར་གསུམ་པར་རྫོགས་ཆེན་དུ་ཕེབས་ཤིང་། གནས་ལྔ་རིག་པའི་པཎྚི་ཏ་མཁན་ཆེན་ཐུབ་བསྟན་སྙན་གྲགས་ཀྱི་མདུན་ནས་དགེ་ཚུལ་གྱི་སྡོམ་པ་བཞེས་ཤིང་། མཚན་ཐུབ་བསྟན་ཚུལ་ཁྲིམས་དཔལ་མོ་ཞེས་གསོལ། མཁན་རིན་པོ་ཆེ་འདི་ཉིད་བླ་མའི་གཙོ་བོར་བཀུར་ཏེ་རྫོགས་ཆེན་སྐྱ་མོ་རི་ཁྲོད་ནས་སྔ་གཞུག་ལོ་དྲུག་ཙམ་གྱི་རིང་ལ་ཀློང་ཆེན་མཛོད་བདུན་དང་།  ངལ་གསོ་སྐོར་གསུམ། ཡེ་ཤེས་བླ་མ། ཨ་འཛོམས་སྔོན་འགྲོ། ཡོན་ཏན་མཛོད། དབུ་མ་འཇུག་པ་སོགས་མདོ་སྔགས་ཀྱི་ཆོས་མང་དུ་ཞུས་པ་དང་། གཞན་ཡང་རྫོགས་ཆེན་མཁན་ཆེན་འཇིགས་མེད་ཡོན་ཏན་མགོན་པོའི་སྐུ་མདུན་ནས་བླ་མ་ཡང་ཏིག་དང་ཡེ་ཤེས་བླ་མའི་ཁྲིད། ཐུགས་ཐིག་གི་བཀའ་གཏད། དག་གྲོལ་རྗེས་གནང་སོགས་དང་། ཨ་འཛོམས་རིན་པོ་ཆེའི་མདུན་ནས་སྔ་འགྱུར་དགོངས་པ་ཟང་ཐལ། རང་གཏེར་བླ་ལྷ་དང་ཕུར་བ་བཅས་ཀྱི་དབང་ལུང་། སྐུ་ཞང་མདོ་རིན་པོ་ཆེ་ཁམས་གསུམ་ཟིལ་གནོན་དགྱེས་པ་རྡོ་རྗེའི་མདུན་ནས་ཐུགས་ཐིག་འཛིན་གྲོལ་གྱི་དབང་། མཁའ་འགྲོའི་སྙན་བརྒྱུད། དམ་སྐོང་། སྔོན་འགྲོ་བཅས་ཀྱི་ཁྲིད་ལུང་ཅི་རིགས་མནོས། གྲུབ་ཆེན་མཁན་པོ་འོད་རྣམ་མདུན་དུ་ཡིད་བཞིན་མཛོད། ཡོན་ཏན་མཛོད། རྒྱལ་སྲས་ལག་ལེན་བཅས་ཀྱི་ཁྲིད། སྒ་པ་མཁྱེན་བརྩེའི་མདུན་ནས་གེ་སར་སྲོལ་གཏད། གཞན་ཡང་སྐུའི་ཞང་པོའི་མཆོག་སྤྲུལ་རང་བྱུང་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་མཆོག་དུ་མ་བསྟེན་ནས་མདོ་སྔགས་ཀྱི་ཆོས་དུ་མ་ཐུགས་ཀྱི་འོ་མཚོར་བསྐྱིལ་ཅིང་། དབང་ལུང་ཁྲིད་མན་ངག་དང་བཅས་པས་ཐུགས་རྒྱུད་ཡོངས་སུ་སྨིན་པར་བྱས། འཇུ་མི་ཕམ་གྱི་དངོས་སློབ་ཁྲོ་རུ་འཇམ་དཔལ་དང་། དེའི་སློབ་མ་རྒུ་རུ་གསང་ལོ་དང་ཁོང་ཉིད་ཀྱི་མ་ཡུམ་ཚེ་འཛིན་དབང་མོ་ལས་དཔལ་ལྡན་རྒྱུད་བཞིས་གཙོས་པའི་གསོ་རིག་གི་གཞུང་ཁྲིད་ལག་ལེན་མན་ངག་དང་བཅས་པ་ཐོབ། དཔལ་རིའི་བླ་མ་ཨོ་རྒྱན་རང་གྲོལ་དང་། རྫོགས་ཆེན་མཁན་པོ་ཆོས་ཚ་ལས་ལྔ་བསྡུས་དང་གཟའ་ལྔ། དབྱངས་འཆར་སོགས་དཀར་ནག་རྩིས་ཀྱི་རིག་པ་བསླབས་པས་སྨན་རྩིས་གཉིས་ལ་ཆེད་དུ་མཁས་པར་གྱུར། གཞན་ཡང་མཁན་པོ་དེ་དག་ལས་སྒྲ་སྙན་སུམ་རྟགས་སོགས་ཐུན་མོང་གི་རིག་གནས་རྣམས་ཀྱང་མ་ལུས་པར་གསན་བསམ་གྱིས་གཏན་ལ་ཕབ།

     དུས་འགྱུར་གྱི་སྐབས་སུ་ཕ་ཡུལ་ཁམས་མི་ཉག་ལྷ་སྒང་གོ་རོ་ལྷ་སྡེར་ཕེབས་ཤིང་། རག་ཤུལ་ཁྱིམ་ཆེན༼  ཞང་ཁྱིམ༽  དུ་ནང་ཁྱིམ་མཛད་དེ་བཞུགས། དུས་ངན་གྱི་རླུང་ཐན་དྲག་ཏུ་འཚུབ་པའི་སྐབས་དེར། ཁོང་ལ་མི་ངན་རིགས་བཞི་པའམ་ལྷ་འདྲེ་གདོན་བགེགས་ཀྱི་ཞྭ་མོ་བསྐོན་ནས་མི་ལོ༡༤ལྷག་ལ། འཐབ་རྩོད་རྡུང་རྡེག་དང་། ངལ་རྩོལ་བསྒྱུར་བཀོད་ཀྱིས་དཀའ་སྡུག་མནར་གཅོད་ཚད་མེད་གཟིགས། དེ་ལྟ་ནའང་ཁོང་ནི་བསྲེགས་བཅད་བརྡར་བའི་གསེར་བཞིན་དུས་ངན་གདུག་པས་ཇི་ལྟར་གཙེས་ཀྱང་དམ་པའི་རང་གཤིས་ལྷག་པར་དུ་མངོན་ཞིང་། རྟག་ཏུ་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱངས་ཏེ། གཞན་ཕན་དོན་གཉེར་གྱི་མཛད་པ་ཁོ་ན་བསྐྱངས། འཐབ་རྩོད་དང་རྡུང་རྡེག་གི་ཁྲོད་དུ་ཁོང་གིས་ལྐོག་ནས་སྔོ་སྨན་བཏུས་ཏེ་ཉམ་ཐག་ནད་པ་མང་པོ་མི་འདོད་ནད་ཀྱི་སྡུག་བསྔལ་ལས་གྲོལ་བར་མཛད་པ་དང་།  རྗེས་སུ་ཁོང་གིས་གོ་རོ་མ་སྡེ་བའི་རྐང་རྗེན་སྨན་པ་དང་། ནགས་ལུང་ཤང་ཐོག་ཏུ་བོད་སྨན་ཁང་བཙུགས་ཏེ་ཐག་ཉེ་རིང་ཀུན་ནས་སླེབས་པའི་ཉམ་ཐག་ནད་པ་མང་པོར་སྙིང་བརྩེ་ཆེན་པོས་ཉིན་མཚན་ལྟོས་མེད་ཀྱིས་འཆི་མེད་སྲོག་གི་སྦྱིན་པ་བསྩལ། ཁོང་ཉིད་འཐབ་རྡུང་གི་རྒྱ་རུ་ཚུད་ཀྱང༧སྐྱབས་རྗེ་གཟན་དཀར་མཆོག་སྤྲུལ་ལ་ཞབས་ཕྱི་དང་ཐུགས་ཁུར་ནི་ཁོང་རང་ལས་ཀྱང་ཆེ་བ་གནང་། སྤྱི་ལོ༡༩༧༨ལོར་སྡེ་དགེ་པར་ཁང་སྒོ་འབྱེད་སྐབས་བཀའ་བསྟན་དང་གསུང་འབུམ་ཞུ་དག་གི་ཞབས་ཕྱིར་ཕེབས། སྤྱི་ལོ༡༩༧༩ལོར་དར་མདོ་རྫོང་དང་དཀར་མཛེས་རང་སྐྱོང་ཁུལ་འཕྲོད་བསྟེན་ཅུས་ནས་གདན་དྲངས་པ་ལྟར་དཀར་མཛེས་གསར་འགྱུར་ཁང་ནས་གསོ་རིག་རྒྱུད་བཞི་དང་ཤེལ་གོང་ཕྲེང་གི་པར་སྐྲུན་ཞུས་ཆེན་མཛད། སྤྱི་ལོ༡༩༨༡ལོར་སྐྱབས་རྗེ་ཐུབ་བསྟན་ཉི་མའི་ཐུགས་བསྐྱེད་ལས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་དབུ་ཚུགས་པའི་དགེ་རྒན་དུ་ཕེབས་ཤིང་། ཐོག་མར་སློབ་གྲྭ་གསར་འཛུགས་ལ་ཉེར་མཁོའི་སློབ་དེབ་སྒྲིག་ཞུས་ཀྱི་ཐུགས་འགན་བཞེས། སྤྱི་ལོ༡༩༨༣ལོར་དབུས་ལྷ་ལྡན་དུ་ཕེབས་ནས་ཁྲོ་རུ་མཁན་ཆེན་ཚེ་རྣམ་མདུན་དུ་དཔལ་ལྡན་རྒྱུད་བཞིའི་བཤད་ཁྲིད་རྒྱས་པ་དང་། གཡུ་ཐོག་སྙིང་ཐིག་སོགས་དབང་ལུང་ཞུས། གཞན་ཡང་མཁན་པོ་པཎ་ཚེ་དང་། ར་སྐོར་མཁན་པོ་ཐུབ་ནོར། མཁན་པོ་དབང་ལོ་སོགས་ཀྱིས་བོད་ཡིག་སློབ་གྲྭ་ལ་སྤྱོད་འཇུག། མཁས་འཇུག། ཕར་ཕྱིན། དབུ་མ་སོགས་འཆད་སྐབས་ཁོང་ཉིད་ཀྱང་སློབ་མ་ཞིག་དང་འདྲ་བར་སྙེམས་པ་མེད་པར་དཔེ་ཁྲིད་རྣམས་ཆད་མེད་དུ་ཞུས། ཁོང་གིས་རྫོགས་ཆེན་དང་རྟའུ། དར་རྩེ་མདོ་སོགས་ནས་བོད་ཡིག་སློབ་གྲྭའི་སྨན་རྩིས་འཛིན་གྲྭའི་སློབ་མ་མང་པོར་སྨན་རྩིས་ཀྱི་གཙོས་པའི་སློབ་ཁྲིད་བཀའ་དྲིན་མང་དུ་བསྩལ་ཞིང་། བརྒྱུད་འཛིན་གྱི་སློབ་བུའང་མང་དུ་བྱུང་།

     གཞན་ཡང་རྗེ་བཙུན་མ་འདི་ཉིད་ཌཱཀྐི་བློ་གསལ་དབང་མོའི་རྣམ་འཕྲུལ་མཁའ་འགྲོ་མ་དངོས་ཡིན་པར་གྲགས་ཤིང་། དུས་དུས་སུ་བརྡ་ཡིག་དང་ལུང་བསྟན་བབ་པ་མངོན་སུམ་ལྟར་ཡིན་ཡང་། ཡུལ་དུས་ཀྱི་དབང་གིས་ཁྱབ་སྤེལ་མཛད་པ་མ་གནང་ཞིང་། དགོངས་གཏེར་འགའ་ཞིག་བདག་ཉར་མ་ཐུབ་པས་དཔེ་རྒྱུད་ཆད་པ་དང་། མང་ཆེ་བ་ཞིག་ཁོང་ཉིད་ནས་འགྲོ་དོན་ཆུང་བར་དགོངས་ཏེ་སྲེག་ཟའི་ཞལ་དུ་ཕུལ་འདུག  ད་ལྟ་འཚོལ་བསྡུ་ཐུབ་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ་པར་བསྐྲུན་ཞུས་ཡོད། ད་ལྟར་ཁོང་ཉིད་དགུང་ལོ་དགུ་བཅུར་ཕེབས་ནའང་རྫོགས་ཆེན་དང་མི་ཉག། མུར་ཧཱ། བྲག་འགོ། འགོ་ལོག།  གསེར་རྟ། རྨེ་བ། ཀན་ལྷོ་སོགས་ནས་ཕེབས་པའི་མོས་ལྡན་དུ་མ་ལ་ཐུགས་ཐིག་གཙོ་བོར་གྱུར་པའི་དབང་ལུང་བཀའ་གཏད་སོགས་ཆོས་ཀྱི་བསྒོ་སྐལ་ཕངས་པ་མེད་པར་འགྱེད་བཞིན་པ་དང་། ཉམ་ཐག་ནད་པ་མང་པོར་འཆི་མེད་སྲོག་སྩོལ་གྱི་མཛད་པ་སྐྱོང་བཞིན་ཞབས་པད་མི་ཤིགས་རྡོ་རྗེའི་ཆོས་བདུན་གྱི་ངོ་བོར་གཞེས་བཞིན་པའོ།། །།


  • ལེ་ཚན་སྔོན་མ།:མགར་ཐར་བའི་མཁའ་དབྱིངས་ནས་འཚེར་བའི་འོད་ཀྱི་གོང་བུ།
  • ལེ་ཚན་རྗེས་མ།:རྣམ་དཔྱོད་ཀྱི་སོར་རྩེ་ལས་མཆེད་པའི་བོད་ཀྱི་འབུར་བརྐོས་སྒྱུ་རྩལ་པ་ཨ་ཆུང་གི་གནས་ཚུལ་རགས་བཀོད།