ཐུབ་བསྟན། 2017-04-30
དགེ་བའི་བཤེས་གཉེན་དམ་པ་རིག་འཛིན་དགེ་ལེགས་མཆོག་གི་མཛད་པ་ཟུར་ཙམ་བརྗོད་པ།
སྡོམ་བརྩོན་སྣང་བྱེད་དཀྱིལ་འཁོར་རབ་ཏུ་རྒྱས་ཤིང་གཞན་ཕན་མཛད་པའི་གཟི་འོད་ཕྱོགས་བཅུར་སྤྲོས་པའི་དགེ་བའི་བཤེས་གཉེན་ཆེན་པོ་རིག་འཛིན་དགེ་ལེགས་མཆོག་ནི་སྤྱི་ལོ༡༩༣༧ལོར་སྨད་མདོ་ཁམས་སྒང་དྲུག་གི་ནང་གསེས་ཤར་མི་ཉག་ར་བ་སྒང་གི་ས་ཡི་ལྟེ་བ་མགར་ཐར་པདྨའི་ཞིང་མཆོག་ཅེས་སྙན་པའི་གྲགས་པ་ཀུན་ལ་ཁྱབ་པའི་ས་ཡི་མཐིལ། ཡན་ཆོད་སྡེ་བ་ཞེས་པའི་རུ་སྡེ་ཆུང་ཆུང་ཞིག་གི་རྫོང་ནང་པ་ཞེས་པའི་དུད་ཁྱིམ་རྙིང་པ་ཞིག་གི་བུ་རྒྱུད་དུ་ཡབ་རིག་ཁོ་དང་ཡུམ་དབང་མོ་གཉིས་ཀྱི་སྲས་སུ་སྐུ་ཡི་མཚན་དཔེའི་དཀྱིལ་འཁོར་ཐོག་མར་བཞད། ཁོང་སྐུ་ན་ཆུང་དུས་ནས་བྱམས་དང་སྙིང་རྗེའི་ཐུགས་རྒྱུད་ལྷན་སྐྱེས་སུ་མངའ་ཞིང་ཕལ་པའི་སྤྱོད་པ་ངན་གོམས་སུ་མ་སོང་བའི་བྱིས་པ་ཡ་མཚན་ཅན་ཞིག་ཡིན། སྐུ་ཡི་ན་ཚོད་ཅུང་ཟད་ནར་སོན་པ་ནས་མགར་ཐར་དགོན་གྱི་ཚོགས་གྲལ་དུ་ཞུགས་ཏེ་རབ་ཏུ་བྱུང་།
མགར་ཐར་དགོན་ནས་དགེ་རྒན་བཀའ་དྲིན་ཅན་དག་ལས་བཅུ་ཕྲག་རིག་པའི་གནས་ཀྱི་རྨང་གཞི་དབྱངས་གསལ་འབྲི་ཀློག་གཉིས་ནས་འགོ་བཙུགས་ཏེ་བོད་ཀྱི་རིག་གནས་སྤྱི་ཡི་རྨང་གཞི་བརྟན་པོར་བཞག་ཅིང་ཆོ་ག་ཕྱག་ལེན་དང་འདོན་དབྱངས་རྟ་སོགས་ཀྱི་སྐོར་ལ་ཞིབ་མོ་བློ་ཡིས་སྦྱངས་པ་དཔྱིས་ཕྱིན་པར་མཛད། དེ་ནས་ཕྱིས་བྱོན་མི་ཉག་མཁས་པ་མི་དྲུག་ཏུ་གྲགས་པའི་ཡ་གྱལ་མི་ཉག་ཉན་ཤུལ་བླ་མ་པཎྜིཏ་དཀོན་མཆོག་རྣམ་རྒྱལ་ལམ་བླ་མ་རྒྱལ་ཁོ་ཞེས་གྲགས་པའི་དུས་རབས་ཀྱི་པཎ་ཆེན་གང་དེའི་དྲུང་ནས་སུམ་རྟགས་དག་གསུམ་གཙོ་བོར་བྱས་ཏེ་ཐུན་མོང་གི་ཤེས་བྱ་རིག་པའི་གནས་ལ་ཐོས་བསམ་གྱི་སྒྲོ་འདོགས་ལེགས་པར་བཅད་དེ་པཎ་ཆེན་གང་དེའི་དྲུང་གི་སློབ་ཚོགས་དག་ལས་མཁས་པའི་ཡང་རྩེར་སོན། དགུང་གྲངས་བཅུ་བདུན་བཞེས་པའི་ལོ་སྟེ་སྤྱི་ལོ༡༩༥༤ལོར་དབུས་གཙང་ཆོས་ཀྱི་ཞིང་སར་ཞབས་སོར་འཁོད་ནས་དབུས་ལྷ་ལྡན་ཞིང་གི་འབྲས་སྤུངས་དགོན་པའི་མི་ཉག་ཁང་ཚན་དུ་ཆོས་བཞུགས་མཛད་དེ་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་གྱི་དབུ་བརྩམས་ཤིང་བརྩོན་པའི་རྒྱུན་བསྐྱངས།
དུས་འགྱུར་སྐབས་ཕྱིར་ཕ་ཡུལ་དུ་ལོག་དགོས་བྱུང་ཞིང་། ངལ་རྩོལ་བསྒྱུར་བཀོད་ཀྱི་དཀའ་སྡུག་མི་ཐེག་པའི་ཚོད་དུ་སླེབ་རུང་ལུང་དང་རྟོགས་པའི་ཡོན་ཏན་ནི་མིག་འབྲས་བཞིན་སྲུང་ཞིང་སྤེལ་བར་མཛད། ཕྱོགས་ལྷུང་མུན་པའི་དུས་ངན་ལ་ཡང་དག་སྲིད་བཟང་འོད་ཀོར་གྱིས་མཐའ་ནས་གསལ་བའི་དུས་བཟང་ལེགས་པར་ཤར་ཞིང་བོད་ཀྱི་ཆོས་སྲིད་རིག་གནས་ལ་ཡང་དར་ཚེ་སྲོག་གསར་པའི་གསོན་ཤུགས་བརྟས་པའི་དུས་དང་བསྟུན་ནས་མགོན་པོ་གང་གི་མཛད་པ་དང་ཤེས་བྱ་རིག་པའི་གནས་ཀྱི་མཁྱེན་རྒྱ་ལ་སྒེར་གཞུང་ཀུན་གྱིས་ཁས་ལེན་དང་གདེང་འཇོག་མཐོན་པོ་ཐོབ།
སྤྱི་ལོ༡༩༨༡ལོར་རྟའུ་རྫོང་རིག་སློབ་ཅུས་ཀྱིས་གདན་ཞུས་ལྟར་མགར་ཐར་ཡན་ཆོད་སྡེ་བའི་སློབ་ཆུང་གི་དགེ་རྒན་གྱི་ཐུགས་འགན་བཞེས་ཤིང་རླུང་ནང་གི་སྣུམ་ཟད་མར་མེ་ལྟར་གྱུར་པའི་གངས་ཅན་གྱི་རིག་གནས་སྤྱི་དང་ཁྱད་པར་བརྡ་དག་ཕ་སྐད་ཀྱི་ཚེ་སྲོག་མྱུར་བར་སྐྱོབ་ཕྱིར་སློབ་ཁྲིད་ཀྱི་བཀའ་དྲིན་བརྗོད་མི་ཤེས་པར་བསྐྱངས། སྔ་དགུང་ཀུན་ཏུ་མགར་ཐར་དགོན་པའི་གྲྭ་བཙུན་རྣམས་ལ་དབྱངས་གསལ་འབྲི་ཀློག་དང་སུམ་རྟགས་དག་གསུམ་གྱི་དཔེ་ཁྲིད་གནང་ནས་རང་ཡུལ་ལུང་པར་ཤེས་རིག་གི་ལམ་སྟོན་མཛད་ཅིང་སྐུ་ཚེགས་གང་མང་མྱངས། ཉིན་དང་ཟླ་རེ་ནས་དམ་པ་ཁོང་གི་མདུན་སར་གཉུག་མར་གནས་པ་དང་གློ་བུར་དུ་ཐོན་པའི་བརྩོན་ལྡན་སློབ་མ་པདྨའི་ཚལ་ལ་བུང་བ་འདུ་བ་བཞིན་ཇེ་མང་དུ་གྱུར་པ་དང་། མང་བའི་སྙན་པ་ཙམ་མ་ཡིན་པར་ཆོས་སྒོར་བཞུགས་མཁན་རྣམས་གྲྭ་གོ་ཆོད་པ་དང་། ལས་རིགས་ཁག་ལ་འཇུག་མཁན་རྣམས་རང་གི་མངོན་འདོད་འགྲུབ་པ་ཧ་ཅང་མང་། ཞོར་དུ་མི་ཉག་ལྔ་རིག་ནང་བསྟན་སློབ་གླིང་ནས་རྩ་ར་མཁན་ཆེན་ཐུབ་བསྟན་ཆོས་ཀྱི་གྲགས་པའི་དྲུང་ནས་དབུ་མ་དང་ཕར་ཕྱིན་བྱང་ཆུབ་ལམ་རིམ་སོགས་ལ་གསན་སྦྱངས་ཡང་ཡང་མཛད་ཅིང་དུས་རབས་ཀྱི་མཁས་པ་ཞིག་ཏུ་ཀུན་གྱིས་ཁས་ལེན་ཐོབ།
གཞན་ཡང་དབྱར་གནང་དང་དགུན་གནང་གི་སྐབས་སུ་རྟའུ་རྫོང་གི་དགེ་རྒན་ཟབ་སྦྱོང་འཛིན་གྲྭ་རུ་ཕེབས་ནས་དགེ་རྒན་ཆེན་མོ་ཉན་ཤུལ་འཇམ་དབྱངས་གྲགས་པ་དང་ཁོང་གཉིས་ཀྱིས་རྫོང་ཡོངས་ཀྱི་སྐད་ཡིག་དགེ་རྒན་རྣམས་ལ་སུམ་རྟགས་སྙན་ངག་སོགས་ཀྱིས་མཚོན་པའི་ཐུན་མོང་རིག་གནས་སྤྱི་དང་ཁྱད་པར་དུ་སློབ་གསོ་སྐོར་གྱི་དཔེ་ཁྲིད་དང་སློབ་སྟོན་གནང་བས་རྫོང་འདིའི་སྤྱོད་ཡོན་གཉིས་ལྡན་གྱི་བོད་ཀྱི་སྐད་ཡིག་དགེ་རྒན་གྱི་དཔུང་སྡེ་གསར་པ་ཞིག་འབྱུང་བར་ཕན་འབྲས་བླ་ན་མེད་པ་བཏགས།
དམ་པ་ཁོང་གི་སྤུན་མཆེད་མགར་ཐར་བྱམས་པ་གླིང་གི་བསྟན་པའི་བདག་པོ་མཆོག་སྤྲུལ་འཇིགས་མེད་བསྟན་པའི་ཉི་མ་མཆོག་གིས་རང་གི་གཟིམ་ཤག་སློབ་གྲྭ་རུ་བསྒྱུར་ཏེ་སྤྱི་ལོ༡༩༩༢ལོ་ནས་བཟུང་མགར་ཐར་དགོན་པའི་རྨང་གཞི་སློབ་གྲྭ་བཙུགས་པ་དེར་ཁོང་གིས་དགེ་རྒན་གྱི་ཕྱག་ལས་གནང་བ་དང་། སྤྱི་ལོ༡༩༩༦ལོ་ནས་མཆོག་སྤྲུལ་འཇིགས་མེད་བསྟན་པའི་ཉི་མས་ཐུགས་བསྐྱེད་དུང་གི་ཞུན་ཐིགས་ལས་དྭ་ཕྲུག་དང་ཉམ་ཐག་པའི་བུ་ཕྲུག་རྣམས་ལ་ཆེད་དུ་དམིགས་པའི་གོང་སྨྲོས་སློབ་གྲྭ་དེའི་ཆ་ཤས་གཅིག་གི་སྟེང་བོད་རྒྱ་རྩིས་རིག་སོགས་སྦྱང་རྒྱུ་ཡོད་པའི་མགར་ཐར་བསྟན་ཉི་སྒེར་བཙུགས་སློབ་གྲྭ་ཞེས་པ་ཞིག་བཙུགས་ཏེ་སློབ་གྲྭ་གོང་འོག་གཉིས་ཆགས་པ་དང་དེ་གཉིས་ཀའི་ནང་བརྡ་སྤྲོད་ཀྱི་གཞུང་དག་དང་རྒྱལ་སྲས་ལག་ལེན་དང་ས་སྐྱ་ལེགས་བཤད། སྐྱབས་ཁྲིད་དང་ལམ་གཙོ་སོགས་ཆོས་སྤྱོད་ཁག་གི་འགྲེལ་བ་ཡང་ཁྲིད། སྐད་དང་ཡི་གེ་ཉམས་པ་སོར་ཆུད་དང་། མ་ཉམས་གོང་སྤེལ་གྱིས་མཛད་རྗེས་རླབས་པོ་ཆེ་བཞག་པ་དང་། འཛམ་གླིང་རོགས་པ་ཚོགས་པའི་ཨ་དཀོན་རིན་པོ་ཆེས་སློབ་གྲྭ་དེ་ལ་གསོལ་རས་རྒྱ་ཆེན་བསྩལ་བ་དང་དམ་པ་ཁོང་ལ་གདེང་འཇོག་མཐོན་པོ་གནང་། ཁོང་གིས་སྐུ་ཚེ་གང་པོ་སློབ་གསོའི་མཛད་པ་སྐྱོང་བཞིན་པ་འདི་ནི་ཡུལ་འདིའི་བསོད་ནམས་དང་རིགས་འདིའི་རྒྱན་ཆ་རུ་གྱུར་ཡོད་པ་ནི་ཅི་འདྲའི་དགའ་འོས་པའི་ལས་སུ་འཁུམས་ཨང་།
སྤྱི་ལོ༢༠༠༡ལོར་རྟ་བྲག་དྭ་ཕྲུག་སློབ་གྲྭར་ཕེབས་ནས་དྭ་ཕྲུག་བརྒྱ་ཕྲག་དག་ལ་སྤྱོད་ཡོན་གཉིས་ཀྱི་ཐད་ནས་སློབ་ཁྲིད་གནང་བཞིན་ཡོད་ཅིང་ཁོང་གི་བྱམས་བརྩེའི་ལྟ་བ་རྨང་གཞིར་བྱས་པའི་ཤེས་རབ་དང་དེས་བསྐྱེད་པའི་ལུས་ངག་གི་སྤྱོད་པའི་ཆ་ཤས་རེས་ཀྱང་རྗེས་འཇུག་པ་དག་གི་ཉམས་ལེན་གྱི་དཔེ་རུ་བསྟན་པ་དང་ས་ཕྱོགས་དེ་གའི་མི་རྣམས་ཀྱིས་མཐོང་ཐོས་དྲན་པ་ཙམ་གྱིས་ཡི་རང་མི་བྱེད་པ་ཞིག་གཏན་ནས་མ་མཆིས་ཤིང་རྒན་གཞོན་ཀུན་གྱིས་བྱས་པ་དྲིན་གཟོའི་མཚོན་བྱེད་དུ་དགེ་རྒན་ཞེས་པ་ལས་ཐག་ཉེ་བའི་མིང་སྟེ་ཨ་ཞང་དགེ་ལེགས་ཞེས་སྨྲ་བ་པོ་རྣམས་ཀྱི་མཆུ་ཡི་རྒྱན་དུ་གྲུབ། མདོར་ན་དམ་པ་ཁོང་གིས་བོད་ཀྱི་སྐད་དང་ཡི་གེའི་སྲོག་རྩ་བརྟན་པོར་འཛུགས་ཆེད་དགོངས་ལོ་བརྒྱད་ཅུའི་སྟོད་ལ་བུད་ནའང་ཁྲིད་སྟེགས་གོང་ནས་ད་དུང་མུ་མཐུད་དུ་སློབ་ཁྲིད་ཀྱིས་མཛད་མ་སྐྱོང་བཞིན་ཡོད་ལ། ད་ལྟའི་བར་དུ་སློབ་མ་སྟོང་ལྷག་བསྐྱངས་ཤིང་དེ་དག་ལས་དགེ་བཤེས་དང་མཁན་པོ། གཞུང་གི་ལས་རྐང་གི་ཐོག་ནས་བོད་སྐད་ཡིག་གི་རྐང་འཛིན་དགེ་རྒན་དང་གཞུང་ཞབས་པ་སོགས་བགྲང་གིས་མི་ལངས་བ་འཚར་ལོངས་བྱུང་ཡོད་ལ་བོད་ཀྱི་ཆོས་སྲིད་རིག་གནས་ཀྱི་རྒྱུད་བཟང་འཛིན་སྐྱོང་གི་ལས་ལ་གཞན་དྲང་མི་འཇོག་པའི་མི་སྣ་གང་མང་གསོ་སྐྱོང་གནང་ཡོད་པའི་བཀའ་དྲིན་འདི་གང་གིས་མཚོན། སྤྱིར་མི་ཉག་གི་ཞིང་སྒོས་མགར་ཐར་ཡུལ་སྡེ་སྟོད་སྨད་ཀུན་ལ་མགོན་པོ་གང་ལས་དྲིན་ཆེ་བ་ཞིག་གང་ན་མཆིས་ཨང་། ད་ལྟའི་ཆར་རང་དགོན་མགར་ཐར་དགོན་གྱི་མཚན་ཉིད་སློབ་གྲྭ་དང་རྟ་བྲག་དྭ་ཕྲུག་སློབ་གྲྭ་སོགས་ནས་སློབ་ཁྲིད་ཀྱི་མཛད་བཟང་གི་རྒྱུན་སྐྱོང་བཞིན་མི་རབས་གསར་པ་གསོ་སྐྱོང་དང་སྐད་ཡིག་རིག་གནས་ཀྱི་བསྟན་པ་འཕེལ་རྒྱས་ཀྱི་སླད་དུ་ཐུགས་ལྷོད་ལྷོད་ཀྱིས་ངལ་གསོ་མེད་པར་འཕྲིན་ལས་གྱི་མཛད་པ་གཉེར་བཞིན་སྐུ་འཚོ་ཞིང་བཞུགས་པ་ལགས་སོ།། །།
རྩོམ་གསར། 10