རྡོ་མཁར་ལྷ་བཟོ་ཆོས་སྐྱོང་གི་ལོ་རྒྱུས་རགས་བསྡུས།

ཡ་མ་རྒྱལ་མཚན།        2019-05-17

རྡོ་མཁར་ལྷ་བཟོ་ཆོས་སྐྱོང་གི་ལོ་རྒྱུས་རགས་བསྡུས།
གཅིག

    རྡོ་མཁར་ལྷ་བཟོ་ཆོས་སྐྱོང་ནི་ཕྱི་ལོ༡༩༦༣ལོའི་ཟླ༧པའི་ཚེས༢༧ཉིན་ཕ་བཀྲ་ཤིས་རྒྱལ་མཚན་དང་མ་བློ་བཟང་ལྷ་མོ་གཉིས་ཀྱི་སྲས་སུ་བྲག་མགོ་རྗོང་མདའ་མདོ་ཡུལ་ཚོ་རྡོ་མཁར་གྲོང་དུ་སྐྱེས། ལོ་བདུན་གྱི་ཐོག་ཡུལ་དེ་གའི་སློབ་ཆུང་དུ་ཞུགས་ཏེ་དགེ་རྒན་མཁྱེན་རབ་ཀྱི་མདུན་ནས་ཡི་གེའི་སྦྱོར་ཀློག་དང་རི་མོའི་རྨང་གཞི་སྐོར་ལ་ལོ་དྲུག་ཏུ་སྦྱོང་བ་བྱས། སློབ་གྲྭ་དེ་ལས་སློབ་ཐོན་བྱུང་རྗེས་རི་མོར་རང་སྦྱོང་བྱས་ཏེ་སྦྱངས་འབྲས་མི་དམན་པ་ཐོབ། ཕྱི་ལོ༡༩༨༠ལོར་སྤྲོས་ནམ་མཁའི་བྲིས་རྒྱུན་རྒྱུད་འཛིན་པ་སྤྲོས་པ་གྲོང་གི་ལྷ་བཟོ་དཔལ་ལྡན་དགེ་རྒན་དུ་བསྟེན་ཏེ་ལོ་ངོ་བཞིའི་རིང་ལ་རི་མོ་བྲིས་པར་ཤ་ཐང་དུ་འབད་པ་བྱས་ཤིང་ཞོར་དུ་ཐང་ག་རེ་འགའ་ཡང་འབྲི་བཞེངས་བྱས། ཕྱི་ལོ་༡༩༨༢ལོར་སེང་གདོང་རི་ཁྲོད་དུ་ཟླ་བ་གཉིས་ཀྱི་རིང་ལ་ཚོན་བཏང་། ལོ་དེར་ཨ་ཁུ་ཡིད་བཞིན་དབང་རྒྱལ་གྱིས་བཀའ་བསྐུལ་ལྟར་དུས་གསུམ་སངས་རྒྱས་དང་གནས་བརྟན་བཅུ་དྲུག་དག་གི་ཐང་ག་འབྲི་བཞེངས་ལེགས་པར་གྲུབ་རྗེས། ཕྱི་ལོ༡༩༨༣ལོར་སླར་དགེ་རྒན་དཔལ་ལྡན་གྱི་དྲུང་དུ་ཉེ་བར་བཅར་ཏེ་རྒྱལ་རོང་མ་ཧྭ་དགོན་དུ་ཟླ་བཞིའི་རིང་ལ་གླིང་རྗེ་གེ་སར་རྒྱལ་པོ་དང་གླིང་གི་དཔའ་ཐུལ་སུམ་ཅུ། དེ་བཞིན་རྒྱལ་ཆེན་རིགས་བཞི་དང་ཀུན་བཟང་འཁོར་ལོ། སྲིད་པ་འཁོར་ལོ། དགོན་པ་དེའི་བླ་རབས་བརྒྱུད་པའི་རྣམ་ཐར། ཡུལ་ལྷ་གཞི་བདག་སོགས་འབྲི་བཞེངས་བྱས། ཕྱི་ལོ༡༩༨༥ལོའི་ཟླ༢པར། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་རྟའུ་རྫོང་ཁོངས་སུ་ཡོད་དུས་དེར་ཟླ་གཉིས་ལྷག་གི་རིང་བདེ་ཆེན་ཞིང་བཀོད་དང་ལྟུང་བཤགས་དག་འབྲི་བཞེངས་བྱས། ཕྱི་ལོ༡༩༨༦ལོ་རྟའུ་གཡུ་ཁོག་དགོན་དུ་ཁྱོན་དགེ་སློབ་བདུན་སོང་ནས་བཀའ་བརྒྱུད་ལྷ་ཚོགས་གཙོར་གྱུར་པའི་ཐང་ག་གཉིས་བྲིས། ཕྱི་ལོ༡༩༨༧ལོའི་ཟླ༧པའི་ཚེས༥ཉིན་སླར་ཡང་ཨ་ཁུ་ཡིད་བཞིན་དབང་རྒྱལ་གྱི་བཀའ་གསུང་བཞིན་བདེ་ཆེན་ཞིང་བཀོད་དང་། ཕྱག་སྟོང་སྤྱན་སྟོང་། ཟངས་མདོག་དཔལ་རི། ཐོས་གྲོལ་ཞི་ཁྲོ་བཅས་ཁྱོན་ཐང་ག་བཞི་བྲིས། ཕྱི་ལོ༡༩༨༧ལོར་བྲག་མགོ་དགོན་དུ་གཡུ་ལོ་བཀོད་པའི་ཞིང་ཐང་དང་། དགའ་ལྡན་ལྷ་བརྒྱ་མ། རིག་ལྡན་དྲག་པོ། འཁོར་དག་པ་རྣམ་བརྒྱད་བཅས་འབྲི་བཞེངས་བྱས། གཞན་ཡང་ནང་ཁང་གི་གྱང་ལྡེབས་སུ་ལྷ་རྣམ་སྲས་དང་འཕྲིན་ལས་རྒྱལ་པོ། མགོན་པོ་ཕྱག་དྲུག་པའི་སྐོར་སོགས་བྲིས། དགོན་པའི་ཕྱི་ངོས་ཀྱི་གྱང་ལྡེབས་སུ་རྒྱལ་ཆེན་སྡེ་བཞི་དང་། སྲིད་པ་འཁོར་ལོ། ཀུན་བཟང་འཁོར་ལོ་སོགས་བྲིས། དེ་བཞིན་སྔགས་ཁང་གི་གྱང་ལྡེབས་སུ་སྲུང་མ་སྐོར་སོགས་ལྷ་རིས་པ་བདུན་གྱིས་ལོ་གསུམ་རིང་དུ་རྫོགས་པར་བྲིས་སོ།།

རྡོ་མཁར་ལྷ་བཟོ་ཆོས་སྐྱོང་གི་ལོ་རྒྱུས་རགས་བསྡུས།

གཉིས།

   ཕྱི་ལོ་༡༩༩༠ལོའི་ཟླ༣པའི་ཚེས༢༥ཉིན་ཤུག་སྒང་རྨ་སྤྲུལ་ཚང་གི་བཀའ་ཇི་བཞིན་བླ་མ་ཁོང་ཚང་ལ་རང་ཁྱིམ་དུ་ཙཀ་ལི་བརྒྱ་ཡས་མས་འབྲི་བཞེངས་བྱས། ཕྱི་ལོ༡༩༩༠ལོ་མཉམ་མེད་ཤཱཀྱའི་རྒྱལ་པོའི་མཛད་པ་བཅུ་གཉིས་ཀྱི་ཐང་ག་གསུམ་དང་། གུ་རུ་མཚན་བརྒྱད། དེ་བཞིན་ལེའུ་བདུན་མའི་ཐང་ཁ་བདུན་བཅས་ཁྱོན་ཐང་ག་བཅུ་གཅིག་བྲིས་པར་བྱས། ཐང་ག་དེ་རིགས་ལེགས་པར་བྲིས་ཏེ་སྤྲུལ་སྐུ་ཚང་གི་སྤྱན་ལམ་དུ་བསྟར་དུས། སྤྲུལ་སྐུའི་ཞལ་སྔ་ནས། ལྷ་བཟོ་འདི་ཇི་འདྲའི་བསོད་ནམས་ཆེ་ཞིང་སྐྱིད་པ་ལ་ཨང་ཞེས་ཡང་ཡང་གསུངས་སོ།། ཕྱི་ལོ༡༩༩༡ལོའི་དབྱར་ཁར་དར་རྩེ་མདོ་ཁུལ་ཞིབ་འཇུག་ཁང་དུ་སློབ་གྲོགས་གཉིས་དང་ལྷན་ཟླ་གཉིས་ཀྱི་རིང་ལ་ཚེ་རིང་རྣམ་དྲུག་དང་། མཐུན་པ་སྤུན་བཞི། འཇམ་དཔལ་དབྱངས། སྤྱན་རས་གཟིགས་སོགས་བྲིས། ཕྱི་ལོ༡༩༩༢ལོར་མཁར་ཆེན་རི་ཁྲོད་དུ་དབྱར་ཟླ་གསུམ་གྱི་རིང་ལ་འདུ་ཁང་ནང་གི་གྱང་ལྡེབས་སུ་བདེ་ཆེན་ཞིང་བཀོད་དང་། ཐོས་གྲོལ་ཞི་ཁྲོ། རྡོ་རྗེ་སེམས་དཔའ། རྡོ་སེམས་རིགས་ལྔ། རྒྱན་དྲུག་མཆོག་གཉིས་དང་། གཞན་ཡང་ཙཀ་ལི་དྲུག་ཅུ་ལྷག་ཙམ་བྲིས་པར་མཛད། ཕྱི་ལོ༡༩༩༢ལོའི་ཟླ་བདུན་པར་རང་ལ་དབང་ཐོབ་བརྒྱ་མའི་ཐང་ག་གཅིག་བྲིས། ཕྱི་ལོ༡༩༩༣ལོའི་ཟླ༣་པར་ཡར་མར་ལ་ཀོང་ཏུང་ཞིང་ཆེན་ཧྲེན་ཀྲེན་གྲོང་ཁྱེར་དུ་སློབ་གྲོགས་ཤེས་རབ་རྒྱ་མཚོ་སོགས་ལྷ་རིས་པ་ཁྱོན་ལྔ་སོང་སྟེ་གྲོང་ཁྱེར་དེ་གའི་སྦྱིན་བདག་ཅིག་ལ་ལོ་གཅིག་ལྷག་གི་རིང་ལ། བྲིས་གྱུར་མ་གཟའ་དམ་གསུམ། སྤྱན་རས་གཟིགས་སེམས་ཉིད་ངལ་གསོ། འཇམ་དཔལ་དབྱངས། ཕྱག་ན་རྡོ་རྗེ། རྒྱལ་བ་རིགས་ལྔ། སྒྲོལ་མ་ཉེར་གཅིག་མ་རེ་རེ་ཐང་ཞེང་གཅིག་རེ་བྱས་ཏེ་བྲིས་པས་ཁྱོན་ཐང་ག་ཉེར་གཅིག་བཅས་ཐང་ག་ཉི་ཤུ་རྩ་དྲུག་འབྲི་བཞེངས་བྱས། དེ་ཡང་ཕྱི་ལོ༡༩༩༤ལོའི་ཟླ་བ་དང་པོའི་ཚེས༡༥སྟེ་རང་གི་མ་རྒན་གཅོང་ནད་ཀྱིས་ཟིན་པའི་སླར་རང་ཡུལ་དུ་ལོག་སྟེ་ལོ་གཉིས་ཀྱི་རིང་གང་དུ་ཡང་མ་སོང་བར་མ་ཡུམ་དྲུང་ནས་བསྡད། ཕྱི་ལོ༡༩༩༤ལོའི་ཟླ་༤པར་རྭ་ཧོར་དགོན་དུ་དུང་འཁོར་གྱི་གྱང་ལྡེབས་སུ་ཐོས་གྲོལ་ཞི་ཁྲོ་དང་བདེ་ཆེན་ཞིང་ཐང་སོགས་འབྲི་བར་བརྩམས་ཀྱང་མ་ཡུམ་ཀྱི་ནད་ཇེ་ངན་ཇེ་སྡུག་ཏུ་སོང་བས་མཇུག་རྫོགས་མ་ཐུབ་པར། ལོའི་དེའི་ཟླ༧པའི་ཚེས༢༡ཉིན་སླར་ཕ་ཡུལ་དུ་ཡོང་སྟེ་མ་ཡུམ་ལ་ནད་གཡོག་བྱེད་ཞོར་ཐང་ག་ཁ་ཤས་བྲིས་པར་མཛད། ཕྱི་ལོ༡༩༩༤ལོའི་ཟླ༩པའི་ཚེས༢༥ཉིན་མ་ཡུམ་ནད་ལས་དྲག་སངས་བྱུང་མ་ཐུབ་པར་ཕྱི་མའི་ཡུལ་དུ་ཆས། ཕྱི་ལོ༡༩༩༥ལོའི་ཟླ༣པར་རང་གི་སློབ་གྲོགས་སོགས་མི་ལྔས་མདོ་མང་དགོན་ཀུན་དགའ་ར་བའི་དཀྱིལ་གྱི་འདུ་ཁང་ཆུང་ངུ་དེར་ཚོན་བཏང་ཞིང་། དགོན་ཤུབས་ངོས་སུ་རྒྱལ་ཆེན་རིགས་བཞི་བྲིས། མ་གཞི་ལོ་འདི་གར་དགེ་རྒན་ཚང་ལྷ་འབྲི་སར་ཡོང་བའི་སྟ་གོན་ཞིག་བྱས་ཀྱང་སྙུང་གཞི་དྲག་པོས་མནར་ཞིང་། ལོ་དེའི་ཟླ༡༡པར་དགོངས་པ་རྫོགས་སོ།། ཕྱི་ལོ༡༩༩༥ལོའི་ཟླ་༡༡པར་སློབ་གྲོགས་ཤེས་རབ་རྒྱ་མཚོའི་མ་རྒན་ནད་ཀྱིས་ཟིན་ཏེ་ཕྱི་ལོ་མར་འདས་གྲོངས་སུ་གྱུར་བའི་རྐྱེན་གྱིས་ས་ཆ་ཡར་མར་མ་སོང་། ཕྱི་ལོ༡༩༩༦ལོའི་ཟླ༣པར་རྟའུ་རྫོང་རྫི་ནང་གྲོང་དུ་ཧོང་ཀང་གི་སྦྱིན་བདག་ལ། གདུགས་དཀར་གཙོ་བོར་གྱུར་པའི་དེའི་མདུན་དྲུང་དུ་ལེགས་ལྡན་མཆོག་གསུམ། ནམ་མཁར་སངས་རྒྱས་བཅུ་བདུན་ཡོད་སའི་ཐང་ག་གསུམ་དང་། ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་། ཁྲོ་བོ་ནཱ་ག་ན། དཔལ་ལྡན་ལྷ་མོ་གཙོ་འཁོར་གྱི་ཐང་ག་གསུམ། འོད་ཟེར་ཅན་མ། དེ་བཞིན་སྒྲོལ་མ་ཉེར་གཅིག་མ་ཐང་གཞུང་རེ་རེ་ངོས་སུ་འབྲི་བཞེངས་བྱས་པས་ཐང་ག་ཉེར་གཅིག རྒྱལ་བ་རིགས་ལྔ་རྒྱ་གར་ལུགས་སོགས་ཁྱོན་ཐང་ག་སོ་བཞི་བྲིས། ཕྱི་ལོ༡༩༩༧ལོའི་ཟླ༣པར་སློབ་གྲོགས་ཤེས་རབ་རྒྱ་མཚོ་དང་པད་མ་ཚེ་རིང་དང་བཅས་ཧྲེན་ཀྲེན་གྲོང་ཁྱེར་དུ་སོང་སྟེ་ཐང་ག་འབྲི་བཞེངས་བྱས་ཤིང་རྗེས་ནས་སློབ་གྲོགས་བརྒྱད་ཡུལ་དེ་གར་འབྱོར་ཏེ་ཐང་ག་གང་མང་ཞིག་བྲིས། ཕྱི་ལོ༡༩༩༧ལོའི་ཟླ༥པའི་ཚེས༡༥ནས་ཕྱི་ལོ༢༠༠༨ལོའི་བར་ཏེ་ལོ་ངོ་བཅུ་གཅིག་གི་རིང་ལ། གུ་རུ་མཚན་བརྒྱད་ཀྱི་ཐང་ག་ལྔ། སྒྲོལ་མ་འཇིགས་པ་བརྒྱད་སྐྱབས་ཐང་ག་གཉིས། གདུགས་དཀར་དང་ཕྱག་སྟོང་སྤྱན་སྟོང་ཐང་ག་ལྔ་དང་། སྒྲོལ་མ་ཉེར་གཅིག་རེ་རེ་ཐང་ག་ཞེང་བདུན་རེ་བྱས་ཏེ་ཐང་ག་ཆ་གསུམ་སྟེ་ཁྱོན་ཐང་ག་དྲུག་ཅུ་རེ་གསུམ་བྲིས། གཞན་ཡང་སྤྱན་རས་གཟིགས་ཞལ་གཅིག་ཕྱག་གཉིས་པའི་ཐང་ག་དྲུག་དང་། སྒྲོལ་མ་ཉེར་གཅིག་པོ་ཐང་གཞུང་གཅིག་ངོས་སུ་བྲིས་ཡོད་པའི་ཐང་ག་གསུམ། སྤྱན་རས་གཟིགས་ཕྱག་བཞི་པ་ཐང་ག་ལྔ། གུ་རུ་རིན་པོ་ཆེ་ཐང་ག་དྲུག་གསར་བཞེངས་གནང་། དེ་བཞིན་ཁྲོ་བོ་ནཱ་ག་ན་ཐང་ག་ལྔ་དང་། བཀའ་བརྒྱུད་ལྷ་ཚོགས་ཆེན་པོའི་ཐང་ག་གསུམ། འོད་ཟེར་ཅན་མ་ཐང་ག་བཞི། དུས་གསུམ་སངས་རྒྱས་ཐང་ག་གསུམ། ཚེ་ལྷ་རྣམ་གསུམ་ཐང་ག་བཞི། ཚེ་དཔག་མེད་ཐང་ག་གསུམ། ཐང་ག་ཞེང་ཚད་བདུན་རེ་བྱས་ཏེ་ཕུར་བ་ཐང་ག་བཞི། རྟ་མགྲིན་ཐང་ག་གསུམ། ཆེ་མཆོག་ཧེ་རུ་ཀ་ཐང་ག་བཞི། གུ་རུ་གཙོ་འཁོར་ཐང་ག་བདུན། གུ་རུ་རྣམ་ཐར་བརྩེགས་ཐང་ག་གཅིག དེའི་གཡས་གཡོན་དུ་སྦྱིན་བདག་གི་བུའི་རྩ་བའི་བླ་མ་མགར་བླ་བསོད་ནམས་རབ་བསྟན་གཙོ་བོ་བྲིས། འཛམ་བྷ་ལྷ་ཡི་ཐང་ག་དྲུག་སྟེ་མདོར་ན་ལོ་འདི་གའི་རིང་ལ་ཕལ་ཆེར་ཐང་ག་ཆིག་སྟོང་ལྷག་འབྲི་བཞེངས།

རྡོ་མཁར་ལྷ་བཟོ་ཆོས་སྐྱོང་གི་ལོ་རྒྱུས་རགས་བསྡུས།
གསུམ།

   ཕྱི་ལོ༢༠༠༩ལོའི་ཟླ་བ་དང་པོའི་ཚེས༤ཉིན་ཕ་ཡུལ་ཡོང་ནས་རྟའུ་རྫོང་གི་ས་ཆར་སློབ་གྲོགས་ཤེས་རབ་རྒྱ་མཚོ་ཚང་གི་ཕ་ཡབ་ཀྱིས་སྔར་རྟའུ་མཆོག་རྟེན་གྱི་སར་དགོན་པ་ཞིག་གསར་བཞེངས་བྱས་པ་དེར་ལྷ་རིས་པ་བཅུ་དྲུག་གིས་ཟླ་གཅིག་ལྷག་གི་རིང་ལ་གནས་བརྟན་བཅུ་དྲུག་གི་དཀྱིལ་འཁོར་ཞིག་འབྲི་བཞེངས་བྱས། ཕྱི་ལོ༢༠༠༩ལོའི་ཟླ༣་པའི་ཚེས༡༡ཉིན། རང་ཉིད་ལ་བདེ་ཆེན་ཞིང་བཀོད་དང་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གཙོ་བོར་གྱུར་པ་དེའི་མཐའ་འཁོར་དུ་ལྷ་དུ་མས་བསྐོར་ཡོད་པ་བྲིས་ཤིང་མཇུག་མ་རྫོགས་པར་ཁང་གདོང་དགོན་དུ་ཟླ་གཅིག་ལྷག་ལ་ཚོན་གཏོང་བར་ཕྱིན། ཕྱི་ལོ༢༠༡༡ལོར་སླར་རང་ཉིད་ཀྱི་ཐང་ག་གཉིས་པོ་མཇུག་རྫོགས་པར་བྲིས་སོ།། ཕྱི་ལོ༢༠༡༢ལོའི་ཟླ་༧པའི་ཚེས༡༨ཉིན་ནས་བཟུང་། མཁར་ཆེན་རི་ཁྲོད་ཀྱི་སྤྲུལ་ཟླ་བ་རྒྱལ་མཚན་གྱི་སྲས་སྟོབས་ལྡན་ཚང་ལ་གར་དབང་ལྷ་དགུ་ཐང་ག་གཅིག་དང་། འཛམ་བྷ་ལྷའི་ཐང་ག་གཅིག ཐུགས་རྗེ་ཆེན་པོ་དོན་ཡོད་བཞག་པ། དེ་བཞིན་སྤྱན་རས་གཟིགས་ཕྱག་བཞི་པའི་ཐང་ག་གཅིག་བྲིས། ཕྱི་ལོ༢༠༡༡ལོའི་ཟླ༣་པའི་ཚེས༩་ནས་བཟུང་། ཕལ་ཆེར་ལོ་ངོ་ལྔ་ལྷག་གི་རིང་ལ་བྲག་མགོ་རྫོང་ཐང་ག་སྒྱུ་རྩལ་ཚོགས་པ་ཚང་ལ་བདེ་ཆེན་ཞིང་བཀོད་ཐང་ག་གསུམ་དང་། མགོན་པོ་ཚེ་དཔག་མེད་ཀྱི་ཞིང་བཀོད་གཅིག་སྟེ་ཕྱི་ལོ༢༠༡༦ལོའི་ཟླ༢་པའི༡༢ཉིན་མཇུག་རྫོགས་པར་བྲིས། ཕྱི་ལོ༢༠༡༦ལོའི་ཟླ༣་པའི་ཚེས༢༤ཉིན་ཡུན་ནན་ཁོན་མིང་གྲོང་ཁྱེར་དུ་སོང་སྟེ་གཙོ་བོ་སྟོན་པ་གཤེན་རབ་རྣམ་ཐར་འབྲི་བཞེངས་བྱས། ཕྱི་ལོ༢༠༡༧ལོ་སྟེ་ཉེ་བའི་ཆར་བྲག་མགོ་རྫོང་ནམ་མཁའ་རྒྱན་ཐང་ག་སྒྱུ་རྩལ་ཚོགས་པ་རུ་སྟོན་པ་གཙོ་འཁོར་དང་རྒྱན་དྲུག་མཆོག་གཉིས་སོགས་འབྲི་བཞིན་ཡོད།

བཞི།

   གཞན་ཡང་ཕྱི་ལོ༡༩༩༡ལོར་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཞིབ་འཇུག་ཁང་གིས། ཧྲེན་ཀྲེན་ཀྲུང་གོའི་དམངས་སྲོལ་གྲོང་གི་བོད་བརྒྱུད་ནང་བསྟན་སྲོལ་རྒྱུན་རི་མོའི་སྤུས་དག་ལས་ཀར་ཞུགས་ཏེ། ལག་རྩལ་ཕུལ་དུ་བྱུང་བར་དྲན་རྟེན་ཀྱི་གཟེངས་རྟགས་ཕུལ། ཕྱི་ལོ༢༠༡༥ལོའི་ཟླ་བརྒྱད་པར་བཟོ་རིག་ཆེད་ལས་པའི་དཔང་རྟགས་བླངས། ཕྱི་ལོ༢༠༡༥ལོའི་ཟླ༩པའི་ཚེས༡༦ཉིན་རྒྱལ་ཡོངས་རྒྱལ་ཁབ་ཀྱི་འཇོན་ཡོན་མི་སྣ་ཡིག་ཚགས་ཁང་གི་ལག་རྟགས་ཐོབ། ཕྱི་ལོ༢༠༡༥ལོའི་ཟླ༥་པའི་ཚེས༡༦ཉིན་རྒྱལ་སྤྱི་ལས་རིགས་འཆར་འགོད་མཚན་རྟགས་ལྟེ་གནས་ཏེ་ཀྲུང་གོ་བཟོ་རིག་མཛེས་རྩལ་པ་ཆེན་པོ་དཔྱད་འདེམས་ཨུ་ཡོན་ལྷན་ཚོགས་ཀྱིས་དཔྱད་འཇོག་ཐོབ་པ་སྟེ། རྒྱལ་སྤྱིའི་བཟོ་རིག་མཛེས་རྩལ་པ་ཆེན་པོ་ཞེས་པའི་གཟེངས་རྟགས་ཐོབ། ཕྱི་ལོ༢༠༡༦ལོའི་ཟླ༩པའི་ཚེས༡༡ཉིན། སྐབས་གསུམ་པའི་ཀྲུང་གོའི་ཐང་གའི་སྒྱུ་རྩལ་དུས་ཆེན་ཕུལ་བྱུང་འགྲེམས་སྟོན་གྱི་སྐབས་བྱ་དགའ་ཐོབ་པའི་བརྩམས་ཆོས་ཀྱི་གྲས་ལས་དངུལ་གྱི་རྟགས་མ་ཐོབ། དེ་ཡང་བོད་ལྗོངས་ཉིན་རེ་ཚགས་པར་དུ་བཀོད་འདུག དེ་བཞིན་སྤྲོས་ནམ་མཁའ་རྒྱན་བྲིས་རྒྱུན་རྒྱུད་འཛིན་པའི་སློབ་མ་ཡང་མི་ཉུང་བ་ཞིག་སྐྱོང་ཡོད་པ་སྟེ། བྲག་མགོ་ནོར་བུ་དང་། མཁར་གསར་དགའ་གཡང་། མཁར་གསར་བསོད་ནམས། མཁར་ཆེན་ཚེ་རིང་། མཁར་ཆེན་འཇམ་དགའ། བབ་མདའ་ཆོས་ཡོན། ཁང་དམར་སྒང་ཚེ་རིང་མཐར་ཕྱིན། རྟའུ་དོན་འགྲུབ་སོགས་སོ།།

༼ སི་ཁྲོན་མི་རིགས་སློབ་གླིང་བོད་རིག་པའི་སློབ་གླིང་གི་དགེ་རྒན་ཡ་མ་རྒྱལ་མཚན་ནས། ༽


  • ལེ་ཚན་སྔོན་མ།:འཛམ་གླིང་དབྱངས་ཀྱིས་བསྐོར་བའི་ཁམས་ཀྱི་ཕོ་གསར་བསོད་ནམས་དར་རྒྱས།
  • ལེ་ཚན་རྗེས་མ།:ནད་གཡོག་སྨན་པའི་ལས་རྐང་བརྟན་སྲུང་བྱེད་བཞིན་པའི"ལྷའི་ཕོ་ཉ།"