སྐལ་ཐུབ། 2019-03-22
སའི་གོ་ལའི་ཐོག་གི་ཆེས་མཇུག་མཐའི་དག་ཞིང་སྟེ་འདབ་པའི་ཉི་སྟེན་གྱི་སྙན་པའི་གྲགས་པ་འཛམ་གླིང་ཀུན་ཏུ་ཁྱབ་ཅིང་། ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་འགྲུལ་པ་ཚོ་ཡང་རྒྱང་རིང་བུང་བའི་ཚོགས་རྣམས་མེ་ཏོག་སྐྱེད་ཚལ་ལ་འཁོར་བ་ལྟར་འདབ་པའི་ཉི་སྟེན་དུ་འཛོམས་ཤིང་དེའི་མཚར་སྡུག་གི་ཞལ་རས་མཇལ་བར་རབ་ཏུ་སྤྲོ། ཉི་སྟེན་གྱི་གྲགས་པ་འཛམ་གླིང་ན་ཁྱབ་པར་བྱེད་པའི་དྲིལ་བསྒྲགས་ལས་དོན་ཁྲོད་དུ། བྱས་རྗེས་ཐུན་མོང་མ་ཡིན་པ་བཞག་པའི་ཁམས་ཀྱི་ཕ་གསར་ཞིག་ཡོད་དེ། ཁོང་ནི་འདབ་པའི་ཉི་སྟེན་གྱི་ཡུལ་སྐོར་ཚབ་མཚོན་ཕོ་ཉ་སྟེ་བསོད་ནམས་དར་རྒྱས་རེད། འདབ་པ་ནས་འཚར་ལོངས་བྱུང་བའི་བསོད་ནམས་དར་རྒྱས་ནི་སྐམ་དམག་འབུམ་ཤོག་བཅུ་བཞི་པའི་དམག་མི་ཡིན་ཞིང་། དཀར་མཛེས་ཀྱི་ཉིན་གུང་རིན་མེད་ཟ་མ་དང་ཆུ་ཐིགས་སྤྱི་ཕན་བྱ་གཞག་གི་འགོ་འཛུགས་པ་པོ་ཡིན་ལ། ལོ16རིང་སྤྱི་ཕན་བྱ་གཞག་བསྒྲུབས་ཡོད། ཁོང་ནི་རོལ་དབྱངས་པ་ཞིག་ཡིན་ལ་རོལ་དབྱངས་བཟོ་བདག་ཞིག་ཀྱང་ཡིན། ཁོང་ནི་ཧྥ་རན་སིའི་ཀ་ན་གློག་བརྙན་དུས་ཆེན་གྱི་ཆེད་དུ་གདན་ཞུ་བྱེད་པའི་རོལ་དབྱངས་མཁན་ཡིན་ཞིང་གེ་ལེ་མེའི་དམིགས་བསལ་གདན་ཞུ་བྱེད་པའི་བྱ་དགའ་སྤྲོད་མཁན་ཡིན་པ་རེད། ཁོང་གང་དུ་ཕྱིན་ཅིང་བྱ་བ་གང་སྒྲུབ་ཀྱང་གནས་མཆོག་དཀར་མཛེས་ཁུལ་དང་འདབ་པའི་ཉི་སྟེན་དྲིལ་བསྒྲགས་བྱ་རྒྱུ་མི་བརྗེད་ཅིང་། ཕ་ཡུལ་ལ་དགའ་བའི་བརྩེ་བ་མི་འགྱུར་ཞིང་རང་གིས་ཁུར་ཐུབ་པའི་འགན་འཁྲི་ལག་ལེན་བསྟར་བཞིན་ཡོད། ཁོང་གིས་མི་རིགས་ཀྱི་རོལ་དབྱངས་རིག་གནས་རྒྱུད་འཛིན་བྱས་ཐོག་འཛམ་གླིང་གི་གར་སྟེགས་སུ་ངོམ་པར་བྱེད་ཅིང་ཡུལ་སྐོར་ཁྱབ་སྤེལ་བྱ་རྒྱུ་དེ་ཚེ་གཅིག་གི་ལྡོག་མེད་འགན་འཁྲིར་བརྩིས་པ་རེད།
བསོད་ནམས་དར་རྒྱས་ཀྱི་འཛམ་གླིང་སྐོར་འཁྲབ་ཆིངས་འཇོག་མཛད་སྒོ།
ཀ་ན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ནི་སྤྱི་ལོ1939ལོར་གསར་འཛུགས་བྱས་པ་ཡིན་ཞིང་། དེང་སང་འཛམ་གླིང་ན་ཤུགས་རྐྱེན་ཆེས་ཆེ་ཤོས་དང་ཆེས་ཡང་རྩེར་སོན་པའི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ཡིན་ལ། ཝེ་ཉི་སེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དང་། པོ་ལིན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་བཅས་གསུམ་ལ་ཡོ་རོབ་གླིང་གི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གསུམ་དུ་གྲགས། དེའི་ཆེས་མཐོའི་བྱ་དགའ་ནི་གསེར་གྱི་རྟགས་མ་ཡིན་པ་རེད།
དཔུང་ཤུགས་ཆེས་ཆེ་བའི་རོལ་དབྱངས་གསར་རྩོམ་སྟོབས་ཤུགས་ཤིག་ཀྲུང་གོར་རྒྱས་ཤིང་། འཛམ་གླིང་གི་རོལ་དབྱངས་གར་སྟེགས་སུ་ཀྲུང་གོའི་མི་རིགས་གསར་རྩོམ་གྱི་ལང་ཚོ་རབ་ཏུ་ངོམ་པའི་བསྐལ་བཟང་གི་དུས་ཤིག་ཤར་ལ་ཉེ་བ་སྟེ། 2019ལོའི་སྤྱི་ཟླ5པར་གསར་རྩོམ་གྱི་གསོན་ཤུགས་རྒྱས་པའི་ཀ་ནའི་རྒྱལ་སྤྱིའི་རོལ་ཚོགས་ཐེངས་དང་པོ་དེ་ཧྥ་རན་སིར་ཀ་ནའི་གློག་བརྙན་དུས་ཆེན་དུ་འཚོག་རྒྱུ་ཡིན་ཞིང་། བསོད་ནམས་དར་རྒྱས་ཀྱིས་ཀྱང་དེ་གར་ཐེངས་དང་པོར་རང་རྩལ་ངོམ་རྒྱུ་རེད། ཁོང་གིས་མི་རིགས་རོལ་དབྱངས་ཀྱི་རྣམ་ཤེས་དེ་རྒྱལ་སྤྱིའི་འགྲོ་ཕྱོགས་ཀྱི་གཟུགས་རྣམ་ལ་སྤྲུལ་ཏེ་མི་རིགས་རོལ་དབྱངས་རྒྱལ་སྤྱི་ཅན་གྱི་ཕྱོགས་སུ་བསྒྱུར་བར་འབད་པ་དང་། རོལ་དབྱངས་རིག་གནས་བརྒྱུད་དེ་ཕྱིར་ཕྱོགས་རིག་གནས་དང་སྤེལ་རེས་མཉམ་འགུལ་ཡོང་བ། འཛམ་གླིང་གི་གར་སྟེགས་ཆེས་ཆེ་བ་རུ་བོད་ཀྱི་རོལ་དབྱངས་དང་བོད་རིག་གནས་ཀྱི་མཚར་སྡུག་ངོམ་པའི་འདུན་པ་ཟབ་མོ་བཅངས་པ་རེད། 2019ལོའི་ཟླ་བ་དང་པོའི་ཚེས4ཉིན་བསོད་ནམས་དར་རྒྱས་ཀྱི་འཛམ་གླིང་སྐོར་འཁྲབ་ཆིངས་འཇོག་མཛད་སྒོ་དེ་ཁྲེང་ཏུའུ་ཨ་མ་ཉིད་དུ་དངོས་སུ་སྤེལ་བ་དང་། ཧྥ་རན་སི་ཀ་ན་སྟོབས་ཤུགས་གསར་པའི་མཚན་འཛིན་ཀྲུའུ་ཞིloewenདང་བསོད་ནམས་དར་རྒྱས་གཉིས་ཀྱིས་ཆིངས་འཇོག་བཞག་པ་རེད། བསོད་ནམས་དར་རྒྱས་ཀྱིས་མི་རིགས་ཀྱི་རིག་གནས་ནི་ང་རང་གཅིག་པུ་དང་རོལ་དབྱངས་ཁོ་ན་ལ་བརྟེན་ནས་དར་སྤེལ་གཏོང་ཐུབ་པ་ཞིག་མིན་ལ། མི་ཚང་མས་རང་རང་གི་ས་ནས་འབད་པ་ལྷོད་མེད་བྱ་དགོས་པ་རེད། མདུན་དུ་དཀའ་ངལ་བརྒྱ་ཕྲག་ཡོད་ཀྱང་ངས་རང་གི་ཐབས་དང་ནུས་པ་བརྒྱུད་ནས་ཞུམ་པ་མེད་པར་མདུན་སྐྱོད་བྱ་ངེས་ཡིན། ཐེངས་འདིར་ང་རང་མི་རིགས་རིག་གནས་ཀྱི་བརྒྱུད་སྒྲོག་བྱེད་མཁན་དང་རྒྱུན་འཛིན་བྱེད་མཁན་ཞིག་ཡིན་པའི་ཆ་ནས་དྲན་གཟོའི་སེམས་པ་བཅངས་ཏེ་གླུ་ངག་དང་རོལ་དབྱངས་ཟློས་གར། དངོས་ཟིན་གློག་བརྙན་བཅས་ཀྱི་རྣམ་པ་བརྒྱུད་ནས་འཛམ་གླིང་གི་ཆེས་མཐའ་མའི་དག་ཞིང་སྟེ་ཕ་ཡུལ་འདབ་པའི་མཛེས་སྡུག་དེ་འཛམ་གླིང་གི་མི་རྣམས་ཀྱི་མདུན་དུ་བསྟན་རྒྱུ་ཡིན་ཞེས་བཤད་པ་རེད།
བསོད་ནམས་དར་རྒྱས་ཀྱི་ཕ་ཡུལ་དང་རིག་གནས་ལ་མཚོན་པའི་ཞེན་སེམས།
མི་ལ་ལས་ཁྱེད་རང་རོལ་དབྱངས་པ་ཞིག་དང་ཁམས་ཀྱི་ཕོ་རྒོད་ཅིག་ཡིན་པའི་ཆ་ནས་མི་རིགས་རིག་གནས་རྒྱུད་འཛིན་དང་སྲུང་སྐྱོང་ཐད་ལ་བསམ་ཚུལ་ག་འདྲ་ཡོད་ཅེས་དྲིས་པར། བསོད་ནམས་དར་རྒྱས་ཀྱིས་ལན་འདི་ལྟར་བཏབ་པ་རེད། རོལ་དབྱངས་གསར་རྩོམ་ཞེས་པ་ནི་གཞས་གདངས་ཤིག་གྱེར་བ་འདྲ་པོ་ལས་སླ་མོ་ཞིག་མ་རེད། གསར་རྩོམ་ལ་བརྩེ་དུང་དང་སྟོབས་ཤུགས། རིག་གནས་བཅས་མཁོ་ཞིང་། སེམས་འགུལ་ནུས་པ་དང་གུས་བཀུར་འདུ་ཤེས་དེ་བས་ཀྱང་མཁོ་བ་རེད། ཕ་ཡུལ་གྱི་མཛེས་པའི་རི་ཀླུང་ཆུ་ཀླུང་ལས་དགའ་མགུ་ཡི་རང་བའི་ཚོར་བ་ཟབ་མོ་ཞིག་ཐོབ་པ་ཡིན་ན། གཞི་ནས་བྱམས་སྙིང་རྗེས་འགྲོ་བའི་སེམས་པ་རློན་ཐུབ། རང་བྱུང་ཁམས་ཀྱི་ངོ་མཚར་དང་བཀའ་དྲིན་ལ་གུས་བཀུར་གྱི་བསམ་པ་ཞིག་ཡོད་ཚེ་གཞི་ནས་རང་བྱུང་ཁམས་དང་བར་ཐག་ཇེ་ཉེར་གཏོང་ཐུབ། ང་རང་རོལ་དབྱངས་ལ་ཧ་ཅང་དགའ་ཞིང་ངའི་མི་ཚེའི་མྱོང་ཚོར་མང་པོ་ཡང་རོལ་དབྱངས་ཀྱི་གསེང་དུ་གནས། ངས་ཁམས་ཀྱི་ས་གཞི་ཆེན་པོའི་རྩྭ་འཇག་མ་རེ་ལ་ཡང་བརྩེ་བས་ཁེངས་བཞིན་ཡོད། འབྲོག་ཁུལ་ནས་དམག་དཔུང་དང་སློབ་ཆེན་ནས་པེ་ཅིང་བར། པེ་ཅིང་ནས་འདབ་པའི་ཉི་སྟེན་བར། ངས་ང་རང་གི་བྱེད་ཐབས་ལ་བརྟེན་ནས་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་དར་རྒྱས་བཏང་དང་གཏོང་བཞིན་ཡོད། ས་གནས་གང་དང་དུས་ཚོད་ནམ་ཡིན་ཡང་མི་རིགས་ཀྱི་རིག་གནས་བརྒྱུད་སྒྲོག་བྱ་རྒྱུ་ནི་ངའི་འགན་འཁྲི་ཡིན། ང་རང་གིས་མུ་མཐུད་དེ་རང་གི་ཐབས་ལམ་བརྒྱུད་ནས་ས་ཆ་དེ་བས་མང་པོའི་མི་རྣམས་ཀྱིས་རང་རེའི་མཚར་སྡུག་རིག་གནས་དང་མཛེས་ལྗོངས། མི་གཤིས་བཅས་ལ་རྒྱུས་ལོན་འབྱུང་དུ་འཇུག་རྒྱུ་ཡིན།
བསོད་ནམས་དར་རྒྱས་འདབ་པ་ཉི་སྟེན་ཡུལ་སྐོར་ཚབ་མཚོན་པ་ཆེན་པོ་ཡིན་པའི་ཆ་ནས། ཡུལ་སྐོར་དྲིལ་བསྒྲགས་དང་མཚམས་སྦྱོར་ངོ་སྤྲོད་ཀྱི་ཁུར་ཆེན་དང་ལེན་བྱས་ཤིང་ཐོག་མའི་བསམ་འདུན་ནམ་ཡང་བརྗེད་མེད། རང་གི་ཕ་ཡུལ་རྒྱལ་ཡོངས་ནས་རྒྱལ་སྤྱིར་སྒྲོག་སྤེལ་བྱས་ཏེ་མི་དེ་བས་མང་པོར་གནས་མཆོག་དཀར་མཛེས་ཁུལ་དང་འདབ་པའི་ཉི་སྟེན་ཤེས་སུ་བཅུག་ཅིང་ཡུལ་སྐོར་གྱི་ཤུགས་རྐྱེན་ཆེ་རུ་གཏོང་གང་ཐུབ་ལ་འབད་བཞིན་ཡོད་པ་དང་། འཛམ་བུ་གླིང་ལ་བོད་ཀྱི་རིག་གནས་དར་སྤེལ་བཏང་སྟེ་རིག་གནས་ཀྱི་གདེང་ཚོད་སྔར་བས་ཇེ་བརྟན་དུ་བཏང་དང་གཏོང་བཞིན་མཆིས་སོ།།
བསོད་ནམས་དར་རྒྱས་ཀྱི་སྤྱི་ཕན་བྱ་གཞག་དང་ཡུལ་སྐོར་ཁྱབ་སྤེལ་ཐབས་གསར།
བསོད་ནམས་དར་རྒྱས་ཀྱིས་སྤྱི་ཕན་བྱ་གཞག་བསྒྲུབས་ཚུལ་སྐོར་གླེང་བའི་ཚེ། ཁོང་གིས་སྤྱི་ཕན་ནི་མིའི་སེམས་སུ་ཡོད་ཅིང་བྱམས་སྙིང་རྗེའི་སེམས་བསྐྱེད་ལ་གནས། འཛུམ་མདངས་ཤིག་དང་སྨོན་ཚིག་གཅིག གསོལ་འདེབས་ཤིག་ཡན་ཆད་ནི་སྤྱི་ཕན་ཡིན་པ་རེད། ང་རང་གིས་སྤྱི་ཕན་བྱ་བ་བསྒྲུབས་ནས་ལོ16རེད་སོང་། དཀར་མཛེས་ཁུལ་དུ་རིན་པ་མི་དགོས་པའི་ཉིན་གཞུང་གི་ཟས་དང་ཆུ་ཐིགས་སྤྱི་ཕན་བཙུགས་ནས་ལོ7སོང་། རྩ་འཛུགས་ཀྱི་འཛུགས་གཉེར་བྱེད་མཁན་ཡིན་པའི་ཆ་ནས་བརྩེ་བ་སྦྱིན་འབུལ་སྤེལ་མྱོང་བྱ་རྒྱུ་དེ་སྤྱི་ཕན་དང་བླངས་པ་སོ་སོའི་ནམ་རྒྱུན་གྱི་བྱ་སྤྱོད་ཁྲོད་དུ་འདྲེས་སུ་བཅུག་སྟེ་སྤྱི་ཕན་རིག་གནས་བརྒྱུད་སྒྲོག་དང་སྤྱི་ཕན་ལས་སྟེགས་བསྐྲུན་པ། སྤྱི་ཕན་སྙིང་སྟོབས་དར་སྤེལ། སྤྱི་ཕན་བྱ་གཞག་དར་རྒྱས་བཅས་གཏང་རྒྱུ་ཡིན་ཞེས་བཤད་པ་རེད།
ཡུལ་སྐོར་ཁྱབ་སྤེལ་ཐད་ཀྱི་ཉམས་མྱོང་སྐོར་ལ། བསོད་ནམས་དར་རྒྱས་ཀྱིས་ད་ལྟ་ནི་ཆ་འཕྲིན་དར་བའི་དུས་རབས་སུ་སླེབས་ཟིན་པ་རེད། འཛད་སྤྱོད་འདུ་ཤེས་དང་འཛད་སྤྱོད་ཚོགས་པར་འཕོ་འགྱུར་བྱུང་ཟིན། དེ་སྔོན་གྱི་ཡུལ་སྐོར་ཁྱབ་སྤེལ་གཏོང་བའི་ཐད་སྲོལ་རྒྱུན་གྱི་ཤུགས་རྐྱེན་ཆེ་ཞིང་ཡིད་དབང་འགུགས་ཤུགས་ཆུང་བ་རེད། ད་ལྟའི་འཕྲིན་སྦྱོར་གསར་པ་དང་བྱེད་ཐབས་གསར་པ། འདུ་ཤེས་གསར་པ་བཅས་ལ་བརྟེན་ནས་ཡུལ་སྐོར་འཛད་སྤྱོད་ཀྱི་བྱེད་པོ་གཙོ་བོ་སྟེ་ལོ་རབས་བརྒྱད་ཅུ་དང་དགུ་བཅུའི་མི་སྣར་གཙོ་བོར་དམིགས་ནས་ས་གནས་དེ་གའི་ཡུལ་སྐོར་ཐོན་ལས་དང་དཔལ་འབྱོར་ལ་སྐུལ་འདེད་བྱེད་ཐུབ་པའི་སྐད་གྲགས་ཡོད་པའི་སྒྱུ་རྩལ་ཕྱོགས་འདུས་ལེ་ཚན་དང་འགྲན་བསྡུར་བྱེད་སྒོ་སོགས་གང་མང་སྤེལ་དགོས། བྱེད་ཐབས་དེ་དག་གི་ཁྲོད་དུ་མི་རིགས་ཀྱི་རིག་གནས་དང་ཡུལ་སྐོར་གྱི་གྲུབ་ཆ་འདུས་པའི་གཙོ་དོན་ཡོད་དགོས། སྤུས་ལེགས་ཡུལ་ཐོན་ཁྱད་རྫས་ངོ་སྤྲོད་དང་ཕྱིར་འཚོང་བྱེད་ཐབས་འཛོམས་དགོས། དཔེ་ཆུང་ངུ་ཞིག་བཞག་ན་མི་རིགས་རྒྱན་གོས་ཀྱིས་མི་རིགས་རིག་གནས་མཚོན་ཐུབ་པས། ང་ཚོས་རྒྱལ་ཕྱི་ནང་ལ་སྐད་གྲགས་ཆོད་ཅིང་རིག་གནས་དང་ལུས་རྩལ། མཛའ་བརྩེ་སོགས་ཕྱོགས་མང་གཅིག་འདུས་ཀྱི་མི་རིགས་རྒྱན་གོས་འགྲེམ་སྟོན་འདུ་ཚོགས་ཆེན་པོ་ཞིག་གཉེར་ནས་ཕྱོགས་བཞིའི་མགྲོན་པོ་འགུགས་ཆོག་པ་རེད་ཅེས་མྱོང་ཚོར་ཟབ་མོའི་སྐད་ཆ་དེ་དག་བཤད་པ་རེད།།
རྩོམ་གསར། 10