དུང་དཀར་ལུང་པའི་གནས་རྡོ་ངོ་སྤྲོད་མདོར་བསྡུས།

 རིག་བསྟན།        2015-08-06

དེ་ཡང་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལྕགས་ཟམ་རྫོང་འབོ་ཆས(磨西)གྲོང་རྡལ་གྱི་གཡས་ཟུར་དུང་དཀར་ལུང་པའི(海螺沟)སྒྲུབ་ཕུག་གི་དུང་དཀར་གནས་རྡོ་ཞེས་པ་ནི་རྡོ་ཕ་བོང་ཆེན་པོ་ཞིག་ཡིན།  གནས་རྡོ་དེའི་སྟེང་དུ་མི་ཉག་མགར་ཐར་གྱི་ཚོང་བ་ཚེ་རིང་བསྟན་འཕེལ་ལགས་ཀྱིས་ལོ་གསུམ་ཙམ་གྱི་རིང་ལ་འབད་བརྩོན་ཆེན་པོ་མཛད་ནས་དུང་དཀར་ཆེན་པོ་ཞིག་དང་བོད་ཀྱི་ལྕགས་ཟམ་པ་ཆེན་པོ་ཐང་སྟོང་རྒྱལ་པོའི་སྐུ་འདྲ་མཐོ་ཚད་ལ་སྨི༩དང་རྒྱ་ཞེང་ལ་སྨི༦ཡོད་པ་ཞིག་གསར་དུ་བརྐོས་པར་མ་ཟད།  མ་ཎི་བཀའ་ཆེན་དང་།རྡོ་འབུམ།རྡོའི་མཎྜལ།རླུང་རྟ་འདྲ་མིན་སྣ་ཚོགས།ཟངས་དང་རག་ལས་བཟོས་པའི་སྐུ་འདྲ་དུ་མ།ཁྱད་པར་དུ་གུ་རུ་སིདྡྷི་མཐོ་ཚད་ལ་སྨི༢.༥དང་།རྒྱ་ཞེང་ལ་སྨི༧.༢ཡོད་པ་ཞིག་རྡོ་ཕ་བོང་ཆེན་པོ་ཞིག་གི་ངོས་ལ་ཤིན་ཏུ་གཏིང་ཟབ་མོ་ཞིག་བརྐོས་ཡོད་པ་དེ་ནི་ད་ལྟ་འཛམ་གླིང་ནས་བཤད་ན་སིདྡྷི་རྫ་རྡོ་ཐོག་ལ་བརྐོས་ཡོད་པའི་ནང་ནས་ཆེས་ཟབ་མོ་དེ་རེད་ཅེས་མཁས་པ་ཚོས་བསྟོད་བསྔགས་མཛད།
  འབོ་ཆས་ཞེས་པ་ནི་མི་ཉག་སྐད་ཀྱི་གནའི་བརྡ་རྙིང་ཡིན་པ་དང་།འབོ་ནི་རི་བོའི་དོན་དང་ཆས་ནི་རིའི་ཞོལ་ལམ་རིའི་རྩྭ་བའམ་འདབས་ལ་གོ་དགོས།དེའི་དོན་དངོས་ནི་རི་བོ་གངས་དཀར་གྱི་རི་རྩ་ཞེས་པའི་དོན་ཡིན་ལ།དུང་དཀར་ལུང་པ་ལ་རྒྱ་སྐད་དུ༼海螺沟 ༽ཟེར་དགོས་པའི་རྒྱུ་མཚན་ནི་རིག་གནས་གསར་བརྗེ་སྐབས་ཀྱི་ཤུགས་རྐྱེན་རེད་སྙམ།  སྐབས་དེར་མིང་མང་པོ་ཞིག་གསར་བཟོ་བྱས་པ་དཔེར་ན།རོང་བྲག་ལ༼丹巴  ༽ཞེས་པ་སོགས་ལྟ་བུ་དུ་མ་ཡོད་དོ།།
སྐུ་འདྲ་དང་ཡི་གེ་སོགས་རྡོ་ལ་བརྐོས་པ་དེ་ནི་མེས་མི་ཚིག་པ་དང་ཆུས་མི་ཁྱེར་བ།རླུང་གིས་མི་གནོད་པ།སས་མི་རུལ།རྐུན་མ་དང་ཇག་པས་མི་ཁྱེར།བྱི་བ་དང་ཨ་བྲས་མི་ཟ་བ་སོགས་ཀྱི་ཕན་ཐོགས་དུ་མ་ཡོད་ལ།རྡོ་ལ་བརྐོས་པའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་བྱ་བ་རྣམས་ལས་སླ་མོ་ཞིག་གི་སྒོ་ནས་གཏོར་བརླག་བྱེད་མི་ཐུབ་པ་དང་།མ་འོངས་པའི་རྗེས་རབས་པ་རྣམས་ཀྱི་མིག་ལམ་དུ་ཡི་གེ་དང་དངོས་པོའི་བདེན་དཔང་དངོས་སུ་སྟོན་རྒྱུ་ཡོད་པའི་བྱ་བ་བཟང་པོ་ཞིག་རེད་ཅེས་རྒྱལ་ཕྱི་ནང་གི་ཆེད་མཁས་པ་ཚོས་བོད་ཀྱི་རྡོ་བརྐོས་སྒྱུ་རྩལ་ལ་བསྔགས་བརྗོད་ཀྱི་མེ་ཏོག་རྒྱ་ཆེར་འཐོར་བཞིན་ཡོད་དོ།།
  • ལེ་ཚན་སྔོན་མ།:དཔལ་དགེ་མ་ཎི་རྡོ་འབུམ་གྱི་ངོ་སྤྲོད་མདོར་བསྡུས།
  • ལེ་ཚན་རྗེས་མ།:ལུང་བསྟན་གེ་སར་ཐང་ཆེན།