བོད་རྒྱ་ཡིག་རིགས་གཉིས་དུས་མཚུངས་སུ་བརྐོས་ཡོད་པའི་བྲག་བརྐོས་ཏེ་བྲག་གཡབ་རི་མདའི་བྲག་བརྐོས།

བསྟན་པ་རབ་རྒྱས།        2017-09-20

བོད་རྒྱ་ཡིག་རིགས་གཉིས་དུས་མཚུངས་སུ་བརྐོས་ཡོད་པའི་བྲག་བརྐོས་ཏེ་བྲག་གཡབ་རི་མདའི་བྲག་བརྐོས།

རི་མདའི་བྲག་བརྐོས་ནི་ཆབ་མདོའི་བྲག་གཡབ་རྫོང་བྱམས་མདུན་གྲོང་རྡལ་འོར་འབངས་རི་མདའ་གྲོང་ཚོའི་ལྡན་མ་བྲག་ཤར་ངོས་སུ་ཆུ་ཕྲན་རི་ཆུ་དང་ལེ་ཆུའི་མཚམས་སུ་ཡོད། གནས་དེ་ནི་སྔོ་ལྗང་གི་རི་བོས་བསྐོར་ཅིང་དྭངས་གཙང་གི་ཆུ་བོས་བརྒྱན་ཡོད་པས། མཛེས་ལྡུག་གི་ལྷ་ཡུལ་གནས་འདིར་འཕོས་དང་ཀུན་ནས་མཚུངས། གནས་དེའི་མདུན་ངོས་སུ་མ་ཎི་ཇོ་རིང་མ་དང་རྒྱབ་ངོས་སུ་སྙན་གྲགས་ཆེ་བའི་ཆུས་དྲུས་བྲག་ཁུང་སྟེ་ས་དཀར་ཕུག་པའི་བྲག་ཕུག་དང་།  འབྲུག་སྨྱོན་རྒན་མའི་རྗེས་ཤུལ་ཨེཾ་ཝཾ་དགོན་ཤུལ་བཅས་ཡོད།  མདུན་ཕྱོགས་ཀྱི་ཉེ་བའི་སར་འོ་འབངས་འབྲོག་པའི་དགུན་དུས་ཀྱི་འབྲོག་ར་ཡོད་ཅིང་བྲག་གཡབ་རྫོང་བར་དུ་སྤྱི་ལེ96ཙམ་ཡོད།   གནས་དེའི་ཤར་ནི་གོ་འཇོ་དང་ནུབ་ནི་མཁར་རོར་འབྲེལ་ཡོད།  དཔྱད་གཞིའི་ཡིག་ཆ་ལྟར་ན། རི་མདའ་བྲག་བརྐོས་ནི་བོད་ཁུལ་དུ་བོད་ཡིག་དང་རྒྱ་ཡིག་སྐུ་བརྙན་དུས་མཚུངས་སུ་བརྐོས་པའི་བོད་བཙན་པོའི་སྐབས་ཀྱི་བྲག་བརྐོས་གཅིག་པུར་ངོས་འཛིན་བྱས་ཡོད་པ་དང་། གནའ་བོའི་ཐང་བོད་གནའ་ལམ་ཡང་གནས་འདིར་འཁེལ་ཡོད་པ་ཡིན།

བོད་རྒྱ་ཡིག་རིགས་གཉིས་དུས་མཚུངས་སུ་བརྐོས་ཡོད་པའི་བྲག་བརྐོས་ཏེ་བྲག་གཡབ་རི་མདའི་བྲག་བརྐོས།

བོད་རྒྱ་ཡིག་རིགས་གཉིས་དུས་མཚུངས་སུ་བརྐོས་ཡོད་པའི་བྲག་བརྐོས་ཏེ་བྲག་གཡབ་རི་མདའི་བྲག་བརྐོས།

བྲག་བརྐོས་ནང་དོན་དུ་རྣམ་པར་སྣང་མཛད་དང་ཉེར་བའི་སྲས་ཆེན་བརྒྱད། མཁའ་ལྡིང་ལྷ་མོ་གཉིས་བཅས་དང་།  འོག་ངོས་སུ་བོད་བཙན་པོའི་སྐབས་ཀྱི་བོད་ཡིག་ཡིག་ཕྲེང14དང་རྒྱ་ཡིག་ཡིག་འབྲུ50ལྷག   གཡས་ངོས་སུ་འཕགས་པ་ཀུན་དུ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་མདོ་སོགས་བརྐོས་ཡོད།     གཙོ་སྐུ་རྣམ་པར་སྣང་མཛད་ནི་མཐོ་འབུར་བརྐོས་བྱས་ཡོད་པ་དང་མཐོ་ཚད་རྨིད2ཙམ་ཡོད།    དེ་ཡང་དབུ་ལ་མེ་ཏོག་ལོ་མ་གསུམ་ཅན་གྱི་པྲོག་ཞུ་དང།    སྐུ་སྟོད་ཕྱེད་ཧྲེང་ལ་དཀར་པོའི་འཚེམ་མེད་གོས་ཀྱི་ག་ཤལ། ཐུགས་བདེ་སྟོང་ལ་མཉམ་པར་བཞག་པའི་མཚན་ལྡན་ཕྱག་གཉིས་མཉམ་བཞག་དང་།  ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་སྟེ་སེང་གེ་ཟུང་གིས་བཏེགས་པའི་པངྨའི་ཁྲིའི་སྟེང་དུ།  འཚེར་མེད་ཉམས་འགྱུར་དང་ཞི་དུལ་བག་ཡངས་སུ་བཞུགས་ཡོད། དེ་ཡང་བཟོ་བཀོད་ཐིག་ཚད་འོས་ཤིང་འཚམས་པ།  ལྷུན་སྟུག་གི་ཉམས་དང་ལྡན་པ་བཅས་ཁམ་བུའི་དབྱིབས་ཀྱི་མེ་རི་རིས་ཅན་རྒྱབ་འོད་དང་དབུ་འོད།  སྟེང་དུ་རིན་ཆེན་གདུགས་དང་ཉི་ཟླ་སོགས་རི་མོ་བརྐོས་ཡོད།  ཉེ་བའི་སྲས་ཆེན་བརྒྱད་ནི་རགས་ཙམ་འབུར་བརྐོས་ཏེ་སྐུ་སྟོད་ཕྱེད་ཧྲེང་ལ་དཀར་པོའི་འཚེམ་མེད་གོས་ཀྱི་ག་ཤལ་དང་། སྐུ་སྨད་དུ་ཚོན་ཐིག་དོར་མ་མཆོད་ཅིང་འཚེར་མེད་དམ་བག་ལྷོད་ངང་རྣམ་པར་སྣང་    མཛད་ཀྱི་གཡས་གཡོན་དུ་གྲལ་སྟར་འདྲོང་པོར་བསྒྲིགས་ནས་ཡོད།   མཁའ་ལྡིང་ལྷ་མོ་གཉིས་ནི་གཙོ་སྐུའི་གཡས་གཡོན་སྟེང་ཕྱོགས་སུ་སྤྲིན་དཀར་ལ་བཞོན་ནས་ལག་ཏུ་མཆོད་རྫས་འཆང་སྟེ་ནམ་མཁའ་ནས་མར་ལ་བབས་པར་སྣང་།  རྣམ་པར་སྣང་མཛད་དང་ཉེ་བའི་སྲས་ཆེན་བརྒྱད།  མཁའ་ལྡིང་ལྷ་མོ་ཕུད་ད་དུང་ཀླུ་མིར་མགོན་དཀར་པོ་དང་ལྷ་ཁང་སྟེང་ཕྱོགས་སུ་སྲོང་བཙན་སྒམ་པོ། རྒྱ་བཟའ་ཀོང་ཇོ། བལ་བཟའ་ཁྲི་བཙུན་སོགས་ཀྱི་རྡོ་བརྐོས་རི་མོ་མང་དུ་མཆིས།    རི་མདའ་རྣམ་པར་སྣང་མཛད་ད་བར་རང་སོར་གནས་པ་ནི་རིག་གནས་གསར་བརྗེ་སྐབས་དོན་ལྷ་དཔལ་ལྡན་སོགས་ས་གནས་དེ་གའི་་དད་ལྡན་སེར་སྐྱ་མང་ཚོགས་ཀྱིས་སྲུང་སྐྱོབ་འོག་རྣམ་པར་སྣང་མཛད་ཀྱི་ཤངས་སོགས་ལ་སྐྱོན་ཕྲན་ཙམ་ཤོར་བ་ལས། ལོ་ངོ་བརྒྱ་སྟོང་གི་དུས་ཚོད་ནང་འགྲོ་བ་མི་ཡིས་རྐང་བཙུགས་ཀྱིས་གཏོར་གཤིགས་བཏང་མྱོང་མེད་ལ། བོན་དང་བཀའ་བརྒྱུད་ས་སྐྱ་རྙིང་མ་དགེ་ལུགས་སོགས་ཆོས་ལུགས་གང་འདྲ་ཞིག་ཡིན་རུང་།    རི་མདའ་རྣམ་པར་སྣང་མཛད་ལ་རྒྱ་ཆེན་དད་འབངས་ཀྱིས་ལྷག་བསམ་རྣམ་དག་གིས་བསྙེན་བཀུར་བྱས་ཡོད།།


  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་གྱི་རིག་དངོས་ཀྱི་མཛོད་ཆེན། དངོས་མང་བཤམས་སྟོན་ཁང་།
  • ལེ་ཚན་རྗེས་མ།:དཀར་མཛེས་ཁུལ་གྱི་རིག་དངོས་ཀྱི་མཛོད་ཆེན། དངོས་མང་བཤམས་སྟོན་ཁང་།