མི་གཤིས་དང་ཀུན་མཐུན།

གཅོད་པ་ཚེ་རིང་།        2012-04-09

མི་གཤིས་དང་ཀུན་མཐུན།

སྲོལ་རྒྱུན་སློབ་གསོ་དང་དེང་རབས་སློབ་སགོས་གང་ཡིན་ཡང་གཉིས་ཀའི་མཐར་ཐུག་གི་དམིགས་ཡུལ་ནི།སྤྱོད་ཡོན་གཉིས་ལྡན་གྱི་མི་སྣ་བཟང་བོ་ཞིག་སྐྱེད་སྲིང་བྱ་རྒྱུ་དེ་ཡིན་ལ་དེ་ཡང་སོ་སོར་བཤད་ན།སྲོལ་རྒྱུན་རིག་གནས་ཀྱིས།རང་སེམས་གྱོང་བོ་འདུལ་ན་འདུལ་བ་ཡིན་ཞེས་པའི་ཁ་དཔེ་ལྟར།བླ་མའི་མན་ངག་དང་རང་གི་ཉམས་ལེན་ལ་བརྟེན་ནས་མིའི་ལུས་ངག་ཡིད་གསུམ་གྱི་སྐྱོན་གྱི་ཆ་ཇེ་ཉུང་དང་ཡོན་ཏན་ཀུན་དང་ལྡན་པའི་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་ཏུ་འཇུག་རྒྱུ་དེ་ཡིན་ཞིང་།དེ་བཞིན་དེང་རབས་སློབ་གསོས་མི་ནས་མགོ་བརྩམས་ཏེ་སླར་ཡང་མིའི་སྟེང་དུ་འབབ་དགོས་ཞེས་པའི་རྩ་དོན་ལྟར།རང་ཉིད་འཚོ་ཐབས་དང་དགྲ་འདུལ་གཉེན་སྐྱོང་གི་རིག་པ་ཁོ་ན་ཙམ་མ་ཡིན་པར་གཞན་ཕན་གྱི་ལྷག་བསམ་དང་།ཡ་རབས་ཚུལ་ལྡན་གྱི་ཀུན་སྤྱོད།ཟོལ་མེད་དྲང་བདེན་གྱི་མི་གཤིས་བཅས་ཡོད་པའི་མི་སྣ་འཇོན་ཐང་ཅན་ཞིག་སྐྱེད་སྲིང་བྱ་རྒྱུའི་འགན་འཁྲི་ལྕི་མོ་དེ་ཕྲག་ཏུ་བླངས་ཡོད་པ་རེད།དེར་བརྟེན་སྲོལ་རྒྱུན་དང་དེང་རབས་གང་ཡིན་ཡང་གཉིས་ཀས་མཐར་གཏུགས་ནས་བཤད་ན་མི་གཤིས་ལ་གཙིགས་འཛིན་དང་དོ་སྣང་ཤུགས་ཆེན་བྱས་ཡོད་པ་རེད།
འོ་ན་མི་གཤིས་བཟང་ངན་དེ་ཡང་སྙིང་ཚད་གཞི་གང་འདྲ་ཞིག་གི་སྟེང་ནས་འཇོག་དགོས་ཟེར་ན།དེ་ལ་མི་རེས་ལན་རེ་འདེབས་སྲིད་ཀྱང་འཇིག་རྟེན་གྱི་བྱ་གཞག་ཐམས་ཅད་མང་པོ་ཁ་མཐུན་པ་ཞིག་ལ་གཞི་བཅོལ་ནས་ཐག་གཅོད་བྱེད་བཞིན་ཡོད་པ་རེད།དེ་ལྟ་ཡིན་དུས་མི་གཤིས་བཟང་ངན་དེ་ཡང་ད་ལྟ་མང་པོ་ཞིག་གིས་འདི་ནི་མི་ཀུན་མཐུན་ཞིག་ཡིན་པས།དེ་ལ་མི་གཤིས་བཟང་བོ་ཡོད་ཅེས་སོགས་མི་གཤིས་བཟང་ངན་གྱི་ཁྱད་པར་དེ་མི་དེ་ཀུན་མཐུན་ཡིན་མིན་གྱི་སྟེང་ནས་འཇོག་གི་ཡོད་པ་རེད།འོ་ན་ཐམས་ཅད་ཁ་མཐུན་པ་ཙམ་གྱིས་དོན་དེ་བདེན་པའམ་མི་བསླུ་བ་ཡིན་ནམ་སྙམ་ན།དེ་ཡང་མིན་ཏེ།དགེ་ཆོས་ཀྱིས་གསུངས་པ་ལྟར།དཔེར་ན་ཡུལ་གཅིག་གི་མི་ཐམས་ཅད་ཀྱི་མིག་ལ་མཁྲིས་ནད་ཀྱི་སྐྱོན་ཡོད་པའི་ཕྱོགས་གཅིག་ཏུ་སླེབས་ན།ཡུལ་དེའི་མི་ཐམས་ཅད་ཀྱང་།དུང་དཀར་སེར་པོ་ཡིན་པ་ལས་དཀར་པོ་མེད་པ་ཁ་མཐུན་མོད་ཀྱི།དེ་ཙམ་གྱིས་དུང་དཀར་སེར་པོ་ཡིན་པར་འཇོན་མི་ནུས་པ་ཡིན་ནོ།།ཞེས་དང་།བཞི་བརྒྱ་པར།དེ་ཉིད་ཕྱིར་ན་འཇིག་རྟེན་ཀུན།།སྨྱོན་པ་ཡིན་ཞེས་ཅིས་མི་འཐད།།ཅེས་སོགས་གསུངས་པ་བཞིན་བདག་གིས་ཀྱང་ལངས་ཕྱོགས་དེ་བཟུང་ནས་མི་གཤིས་དང་ཀུན་མཐུན་བར་གྱི་འགལ་འབྲེལ་དེ་མང་པོ་ཁ་མཐུན་མིན་ལ་མ་བལྟས་པར་རང་ཉིད་ཀྱི་བསམ་ཚུལ་ཙམ་ཀུན་ལ་གྲོས་འདེབས་ཀྱི་ཚུལ་དུ་ཞུ་བར་འདོད་དོ།།  དེ་ཡང་ཁྲུན་ཆིའུ་དུས་མཇུག་གི་བསམ་བློ་པ་ལའོ་ཙིས་བྱ་དངོས་ཡོད་ཚད་ལ་འགལ་ཟླའི་ཕྱོགས་གཉིས་མཆིས་པ་སྟེ།དཔེར་ན་དཀའ་སླ་དང་རིང་ཐུང་།སྔོན་རྗེས་སོགས་ལྟ་བུ་ཞེས་གསུངས་པ་བཞིན་འཇིག་རྟེན་འདི་འགལ་འདུའི་ཕུང་བོ་ཞིག་ཏུ་གྲུབ་ཙ་ན་མེ་ནི་ཆུ་དང་མཐུན་ཐབས་མེད་ལ།ཚ་བ་དང་གྲང་བ་གཉིས་མཐུན་ཐབས་མེད་པ་སོགས་མདོར་ན་འཇིག་རྟེན་གྱི་བྱ་དངོས་ཡོད་ཚད་ལ་འགལ་ཟླའི་ཕྱོགས་རེ་ཡོད་པ་མ་ཟད་འགལ་ཟླའི་ཕྱོགས་དེ་གཉིས་གཞི་གཅིག་གི་སྟེང་དུ་མཉམ་གཅིག་ཏུ་གནས་ཐབས་མེད་པ་ནི་ཀུན་གྱིས་ཤེས་གསལ་ལྟར་ལགས་ཤིང་།འགྲོ་བ་མིའི་རིགས་ཀྱང་ཆོས་ཉིད་དེ་ལས་མ་འདས་པར་རང་ཉིད་དང་ལྟ་སྤྱོད་མི་མཐུན་པའི་འགལ་ཟླའི་ཕྱོགས་རེ་ཡོད་པ་ནི་སྨོས་མེད་རེད།དཔེར་ན་སྐྱབས་འགྲོའི་སྡོམ་ལྡན་གྱི་གང་ཟག་ཅིག་མ་རབས་ཐ་ཤལ་གྱི་སྐྱེ་བོ་ངན་པ་རྣམས་དང་མཐུན་ཐབས་ཡོད་པ་མ་རེད།ཅིའི་ཕྱིར་ཞེ་ན་དགེ་འདུན་ལ་སྐྱབས་སུ་སོང་ནས་གྲོགས་མུ་སྟེགས་ཅན་དང་མི་འགྲོགས་པའི་དམ་བཅའ་བརྟན་པོ་ཡོད་པས་རེད།དེ་བཞིན་རྗེ་མི་ལས་ཀྱང་།རང་ཉིད་གཅིག་པུ་སངས་རྒྱས་ཀྱི་ངང་།།ཆོས་མཐུན་གྲོགས་པོ་དགེ་སྦྱོར་གྱི་རྟེན།གསུམ་བཞི་ཕན་ཆད་ལོང་གཏམ་གྱི་རྒྱུ།བདག་དེས་ཀྱང་ཉེ་དུ་སྤངས་པ་ཞིག་ལགས།།ཞེས་གསུངས་པ་ལས་རང་ཉིད་དང་ལྟ་སྤྱོད་མི་མཐུན་པའི་འགལ་ཟླའི་ཕྱོགས་སྤངས་ཏེ་རང་ཉིད་ཀྱི་ལངས་ཕྱོགས་གང་ཡིན་གསལ་བོར་བསྟན་ཡོད་པ་རེད།གཞན་ཡང་།མཁས་པ་མཁས་པའི་དྲུང་ན་མཛེས།བླུན་པོའི་དྲུང་ན་མཁས་མི་མཛེས།ཞེས་པས་ཀྱང་གནས་ལུགས་དེ་བསྟན་ཡོད་པ་ནི་ཤིན་ཏུ་གསལ་བོ་རེད།དེར་བརྟེན་མི་ནག་སྐྱེ་བོས་གཤིས་བཟང་ཀུན་མཐུན་ཞིག་རེད་ཅེས་བརྗོད་པ་དེ་དག་ནི།ངས་བལྟས་ན་རང་བཞིན་དང་ལངས་ཕྱོགས་སྒེར་གཤིས་བཅས་མེད་པའི་ངོ་ཚ་ཁྲེལ་མེད་ཀྱི་མི་ཤ་སྟག་རེད་མ་གཏོགས་དེ་དག་ལ་མི་གཤིས་ཤིག་རྩ་བ་ནས་གླེང་རིན་ཡོད་པ་མ་རེད།ཅིའི་ཕྱིར་ཞེ་ན།མི་དེ་གྲས་ཀྱིས་བྱ་ཁྲལ་ཡོང་དུས་བྱི་སོ་སྟོན་ཞིང་།བྱི་ཁྲལ་ཡོང་དུས་བྱ་གཤོག་ངོམ་ལ།རྒྱ་མགོ་མཐོ་དུས་རྒྱ་དང་།བོད་མགོ་མཐོ་དུས་བོད་ཡིན་པར་བརྗོད་པ་སོགས།བཞིན་རས་ཅུང་ཟད་འགྱུར་བས་འགྱུར་བྱེད་ཅིང་།མེ་ལོང་ཅུང་ཟད་འགྱུར་ཡང་འགྱུར་བྱེད་པ།ཞེས་གསུངས་པ་ལྟར་ལངས་ཕྱོགས་མི་བརྟན་པར་ཁེ་ཕན་ཅུང་ཟད་རེའི་ཆེད་དུ་རང་ཉིད་ཀྱི་མི་གཤིས་རྡོག་བརྫིས་གཏོང་ཕོད་པ་དང་།མི་དེ་གྲས་ཀྱིས་རང་གི་ཁེ་ཕན་གྱི་ཆེད་དུ་མི་ངོ་རིག་ལ་གཏམ་དེ་རིགས་བརྗོད་པ་དང་།བླ་མས་ཅི་གསུངས་ཆོས་དང་།མཛུབ་མོ་གར་བསྟན་ཤར་དུ་ཁས་ལེན་བྱེད་ཕོད་པས།དེ་དག་ལ་མིའི་འདུ་ཤེས་དང་།མི་རིགས་ཀྱི་འདུ་ཤེས།རྒྱུ་འབྲས་དྲང་བདེན་གྱི་ལྟ་བ་དང་ལངས་ཕྱོགས་སོགས་རྩ་བ་ནས་ཡོད་པ་མ་རེད།མི་དེ་གྲས་ཀྱིས་ཁེ་ཕན་གྱི་ཆེད་དུ་རང་གི་གཉེན་ཉེ་སྤུན་ཟླ་དང་ཐ་ན་རང་གི་མི་རིགས་སོགས་ཀྱང་གཞན་ལ་བཙོང་ཕོད་པར་གདོན་མི་ཟ།ཀུན་གཟིགས་པཎ་ཆེན་མཆོག་གིས།མི་རིགས་ཀྱི་ལས་བྱེད་པ་ཞིག་ཡིན་ཕྱིན།མི་རིགས་ཀྱི་ཆེད་དུ་སྐད་ཆ་བཤད་ཐུབ་མཁན་ཞིག་ཡིན་དགོས་པ་ལས་ལྕེ་བསྣར་ཏེ་ཀུན་ལ་ལེགས་སོ་བརྗོད་མཁན་ཞིག་ཡིན་མི་འོས།དུས་རབས་དེ་ད་ལྟ་མཇུག་རྫོགས་པ་རེད།ཅེས་གསུངས་པ་ནི་མི་དེ་གྲས་ལ་ཆེད་དུ་དམིསག་ནས་གསུངས་པ་ཞིག་རེད།རྒྱ་ནག་གི་ཉེ་རབས་ལོ་རྒྱུས་ལས།ས་ཁྱི་ལོའི་ལུགས་སྒྱུར་སྐབས་ཀྱི་སྐྱེས་བུ་དམ་པ་རྒྱ་མི་ཐན་སི་ཐུང་གིས་ཀྱང་རྒྱལ་ཁབ་སོ་སོའི་ལུགས་སྒྱུར་ཚང་མ་ནི་མིའི་ལུས་ཀྱི་ཟུང་ཁྲག་བཏོན་པ་ལས་ད་གཟོད་ལེགས་འགྲུབ་བྱུང་བ་ཡིན་ཞིང་།ཀྲུང་གོར་ད་དུང་ཁྲག་འདོན་མཁན་མེད་པས།ང་རང་ཁྲག་འདོན་མཁན་ཆེས་ཐོག་མ་དེ་བྱེད།ཅེས་སོགས་གསུངས་པ་ལས་སྤྱི་ཚོགས་ཡར་རྒྱས་དང་མིའི་རིགས་ལ་བདེ་སྐྱིད་བསྐྲུན་དགོས་ན་རང་གི་འགལ་ཟླ་མི་མཐུན་ཕྱོགས་དང་བདེན་དོན་གྱི་འཐབ་རྩོད་བྱེད་དགོས་པ་མ་ཟད་རང་ཉིད་ནམ་ཡིན་ཡང་གནས་ལུགས་དང་དྲང་བདེན་གྱི་ཕྱོགས་ནས་ལངས་ཏེ་དྲང་བདེན་གྱི་ཆེད་དུ་རང་སྲོག་བློས་གཏོང་ཕོད་པའི་སྙིང་སྟོབས་དང་སྤོབས་པ་ཡོད་དགོས་པ་བསྟན་ཡོད་པ་ལས།རང་བཞིན་དང་ལངས་ཕྱོགས་བརྟན་པོ་མེད་པར་གྱང་ཁའི་རྩྭ་ལྟ་བུ་ཞིག་བྱེད་དགོས་ཚུལ་སུ་དང་གང་གིས་ཀྱང་བསྟན་མེད་ལ་མ་འོངས་པ་ནའང་སྟོན་སྲིད་ཀྱི་མ་རེད།དེ་བཞིན་མི་ཀུན་མཐུན་དེ་མི་གཤིས་བཟང་པོའི་ཚད་གཞི་ཡིན་ན།ཨ་བུ་དཔལ་སྤྲུལ་རིན་པོ་ཆེས།སྨད་འཚོང་མ་ཚོང་དུས་འགྲིམས་པ་བཞིན་ཀུན་དང་མཐུན་ཞིང་ཤག་པོ་མང་བ་ཞེས་གསུངས་པ་ལས་སྨད་འཚོང་མ་ནི་མི་གཤིས་ཀྱི་མིག་དཔེ་ལྟ་སར་འགྱུར་དགོས་ཤིང་།ཁ་དཔེར།རྟོགས་ལྡན་མི་ལ་མི་མཐུན།ཀ་པྰ་ལ་ས་ནས་མི་འདུག་ཅེས་པ་ལས་རྗེ་མི་ལ་ལྟ་བུའི་གྲུབ་ཐོབ་རྟོགས་ལྡན་གོང་མ་རྣམས་ནི་མི་གཤིས་ཆེས་ཞན་པའི་གྲས་སུ་རང་བཞིན་གྱིས་འཇོག་དགོས་པར་སྣང་ངོ་།། གང་ལྟར་ད་ལྟའི་དུས་འདི་ལ་ཡ་རབས་ཆོས་མཛད་རྣམས་དབུ་འཕང་དམའ་ཞིང་།མ་རབས་སྡིག་སྤྱོད་ངོ་ཚ་མེད་པ་རྣམས་མགོ་འཕང་མཐོ་བའི་སྐབས་འདིར།མཁས་པ་བས་བླུན་པོ།བཙུན་པ་བས་ཚུལ་འཆལ།དམ་ལྡན་པས་དམ་མེད།གྲུབ་ཐོབ་པས་ཟོག་པོ།བདེན་པ་བས་རྫུན་པ་བྲིན་ཞིང་ངོ་སོ་མཐོ་བས་དཀར་པོ་རྣམས་ཉམ་ཆུང་ཞིང་།ནག་པོ་རྣམས་ཁ་དར་པའི་དུས་ཤིག་ལ་སླེབས་ཡོད་ཀྱང་།ཡིན་ནའང་རྒྱའི་བསམ་བློ་པ་དང་སློབ་གསོ་པ་ཆེན་པོ་ཁུང་ཙིས།སྐྱེས་མ་ཐག་པའི་མི་གཤིས་ལ་བཟང་ངན་གྱི་ཁྱད་པར་ཆེན་པོ་མེད་ཀྱང་།མིའི་བྱེ་བྲག་གི་རང་བཞིན་ནམ་གཤིས་ཀ་མི་འདྲ་བ་དེ་སྤྱི་ཚོགས་ཀྱི་ཁོར་ཡུག་མི་འདྲ་བ་དང་སློབ་གསོ་མི་འདྲ་བ་ལ་བརྟེན་ནས་བར་ཁྱད་ཆེན་པོ་བྱུང་བ་རེད་ཅེས་གསུངས་པ་ལས་སློབ་གསོའི་ཁོར་ཡུག་ལ་མི་གཤིས་གྲུབ་པའི་ཐག་གཅོད་ཀྱི་ནུས་པ་ལྡན་པ་དེ་ང་ཚོར་གསལ་བོར་བསྟན་ཡོད་པ་ལྟར།ང་ཚོས་ཀྱང་ཕྱོགས་སོ་སོའི་སློབ་གསོ་དང་།སྤྱི་ཚོགས་ཀྱི་ཁོར་ཡུག་ལེགས་པོ་ཞིག་ལ་བརྟེན་ནས་འཚར་ལོངས་འབྱུང་བཞིན་པའི་བྱིས་པ་རྣམས་ལ་གཞན་ཕན་གྱི་ལྷག་བསམ་དང་།རང་བཞིན་འགྱུར་མེད་དང་ཟོལ་མེད་དྲང་བདེན་གྱི་མི་གཤིས།ཡ་རབས་ཚུལ་ལྡན་གྱི་ཀུན་སྤྱོད་བཅས་ཆགས་པར་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་རྣམས་ཀྱིས་དཔེ་ཁྲིད་མི་སྐྱོང་གི་གོ་རིམ་ཁྲོད་དཔེ་ཁྲིད་ཀྱིས་ཤེས་བྱར་དམིགས་ཤིང་།མི་སྐྱོང་གིས་ཀུན་སྤྱོད་ལ་དམིགས་ཏེ་བྱིས་པ་ཕྱོགས་ཡོངས་ནས་འཚར་ལོངས་འབྱུང་བའི་གོ་རིམ་ཁྲོད་མི་གཤིས་ཆགས་པའི་སྦྱོང་བརྡར་གང་ལེགས་སྒོས་རང་བཞིན་བརྟན་ཞིང་ལངས་ཕྱོགས་གསལ་བའི་མི་སྣ་མང་པོ་ཞིག་སྐྱེད་སྲིང་བྱས་ཏེ་སྤྱི་ཚོགས་ཀྱི་སྣང་ཚུལ་ངན་པ་དེ་དག་ལ་འགྱུར་བ་གཏོང་རྒྱུ་ནི་སློབ་གསོ་སྡེ་ཁག་ཁོ་ན་ཙམ་མ་ཡིན་པར་སྤྱི་ཚོགས་ཀྱི་ལས་རིགས་སོ་སོ་དང་སྤྱི་ཚོགས་སྟེང་གི་མི་རེ་རེར་འགན་འཁུར་ཡོད་པ་ཞིག་རེད།
  • ལེ་ཚན་སྔོན་མ།:རྗེས་ལུས་སློབ་མ་སྐྱོང་ཐབས་རོབ་ཙམ་གླེང་བ།
  • ལེ་ཚན་རྗེས་མ།:སློབ་གསོ་དང་མི་གཤིས་སྐོར་གྱི་བགྲོ་གླེང་།
  • དོ་སྣང་ཆེ་བའི་རྩོམ།